གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་པའི་ས་ཁོངས་ནང་ ཧམ་འཛུལ་ཐོག་ ལམ་བཏོན་མི་ལུ་ བདེ་སྒྲིག་བཟོ་ནི།

༢༤/༡༡/༢༠༡༢  ༉ རྒྱ་གར་གྱི་མངའ་སྡེ་ ཨ་རུ་ན་ཅཱལ་པར་དེཤ་ ཏ་ཝང་རྫོང་ཁག་གི་ འགོ་དཔོན་ཚུ་གིས་ བཀྲིས་གཡང་རྩེ་རྫོང་ཁག་ ཡ་ལང་རྒེད་འོག་ གདོང་ཤིང་མ་ལུ་ ཚུལ་མིན་ཐོག་ འཁོར་ལམ་བཏོན་མི་དེ་ བསྒྱུར་བཅོས་ཐོག་ ལམ་གྱི་དཔག་ཚད་སོ་སོ་ལས་ བཏོན་ནི་སྦེ་ ཁ་བཟེད་ཡོདཔ་ཨིན་པས།


དེ་ཡང་ འཕྲལ་ཁམས་ཅིག་ཁར་ བཀྲིས་གཡང་རྩེའི་ རྫོང་བདག་སངས་རྒྱས་གྲུ་པ་གིས་གཙོས་པའི་ ཡ་ལང་དང་ སྟོད་འཚོ་རྒེད་འོག་འགོ་དཔོན་ཚུ་གིས་ ཁྱིམ་མཚེས་རྫོང་ཁག་ ཏ་ཝང་ལུ་ ལྟ་སྐོར་འབད་བའི་སྐབས་ ཁོང་གིས་ ཁས་ལེན་འབད་ཡོདཔ་ཨིན་པས།
ང་བཅས་ཀྱིས་ ཧེ་མར་ ཏ་ཝང་རྫོང་ཁག་གི་ འགོ་དཔོན་ཚུ་དང་ ཕྱད་ཕྱདཔ་མེདཔ་ལས་ ད་རིས་ ལྟ་སྐོར་འབད་མི་དེ་ ངོ་མཇལ་གྱི་ ལས་རིམ་བཟུམ་ཅིག་དང་ གནད་དོན་ལ་ལུ་ཅིག་གི་སྐོར་ལས་ གོ་བརྡ་སྤྲོད་ཐབས་ལུ་ཨིན་ཟེར་ རྫོང་བདག་གིས་ སླབ་ཨིན་པས།
དེ་བསྒང་ ཏ་ཝང་གི་ འགོ་དཔོན་ཚུ་གིས་ཡང་ འབྲུག་གི་ས་ཁོངས་ གདོང་སིང་མ་ལུ་ ཧམ་འཛུལ་ཐོག་ འཁོར་ལམ་སེལ་ཡོད་པའི་སྐོར་ ལོ་རྒྱུས་སླབ་ཡོདཔ་ད་ དེ་གི་ཧེ་མར་ ཐིམ་ཕུ་ལུ་ཡོད་མི་ རྒྱལ་སྤྱི་ས་མཚམས་ཡིག་ཚང་གིས་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ རྒྱ་གར་གྱི་ ས་ཁོངས་ཁ་ཐུག་ལས་ འཁོར་ལམ་སེལ་མི་དེ་གིས་ འབྲུག་པའི་ས་ཁོངས་ནང་ མི་ཊར་༡༠ དེ་ཅིག་ ཧམ་འཛུལ་འབད་ནུག་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ གྲོས་བསྡུར་འབད་བར་ སྟོད་འཚོ་དང་ ཡ་ལང་རྒེད་འོག་གཉིས་ཀྱི་ སྡེ་ཚན་ཅིག་གིས་ རྒྱ་གར་གྱི་ ས་མཚམས་ས་གནས་ བོང་ལིང་ལུ་ སོང་བའི་སྐབས་ ས་གནས་ཀྱི་ འགོ་དཔོན་ཚུ་གིས་ ཏ་ཝང་རྫོང་ཁག་འགོ་དཔོན་ཚུ་ལུ་ སྙན་ཞུ་འབད་འོང་ཟེར་ སླབ་ཡོདཔ་མ་ཚད་ འཁོར་ལམ་བཏོན་པའི་སྐབས་ འབྲུག་གི་ས་ཁོངས་ནང་ ཧམ་འཛུལ་འབད་མི་དེ་ རྟོག་མེད་བྱུང་རྐྱེན་ཅིག་ཨིནམ་སྦེ་སླབ་ནུག།
ས་གནས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ལམ་སེལ་བའི་སྐབས་ ཁག་འབགཔ་གིས་ ལམ་གྱི་དཔག་ཚད་ནང་ དུམ་གྲ་ཅིག་ འཛོལ་བ་བཟོ་མི་ལུ་བརྟེན་ འབྲུག་པའི་ས་ཁོངས་ནང་ ཧམ་འཛུལ་འབད་ཡར་སོ་ནུག་ཟེར་ཨིན་པས།
ཨིན་རུང་ བདུན་ཕྲག་དག་པ་ཅིག་གི་ཧེ་མར་ རྫོང་ཁག་འགོ་དཔོན་ཚུ་གིས་ ཏ་ཝང་ལུ་ ལྟ་སྐོར་འབདཝ་ད་ རྫོང་ཁག་ལྷན་འཛིན་འོག་མ་གིས་ གདོང་སིང་མ་ལུ་ ལམ་གྱི་དཔག་ཚད་བསྒྱུར་བཅོས་འབད་ནི་སྦེ་ ཁ་བཟེད་ཅི་ཟེར་ རྫོང་བདག་སངས་རྒྱས་གྲུ་པ་གིས་ སླབ་ཨིན་པས།
ཨིན་རུང་ རྫོང་ཁག་ལྷན་འཛིན་འོག་མ་ལུ་ འབྲུག་པའི་ས་ཁོངས་ནང་ འཁོར་ལམ་བཏོན་ཡོད་པའི་ ཤེས་རྟོགས་མེད་པའི་ཁར་ ཟླཝ་༡ གི་ཧེ་མར་ བཀྲིས་གཡང་རྩེ་རྫོང་ཁག་གིས་ གནད་དོན་དེ་གི་སྐོར་ ཡི་གུ་ཅིག་ བསྐྱལ་མི་དེ་ཡང་ མ་ཐོབ་པས་ཟེར་ རྫོང་བདག་གིས་ སླབ་ཨིན་པས།
ད་རུང་ ཏ་ཝང་གི་ འགོ་དཔོན་ཚུ་ལུ་ ས་གནས་ཀྱི་མི་ཚུ་ སྐྱོད་ཐམ་གྱི་ ཡིག་ཆ་ཚུ་མེད་པར་ བཀྲིས་གཡང་རྩེ་བརྒྱུད་དེ་ འབྲུག་གི་ས་གནས་གཞན་ཚུ་ནང་ འཛུལ་ཞུགས་འབད་ནི་ འཛེམ་ཐབས་འབད་དགོ་པའི་སྐོར་ གོ་བརྡ་སྤྲོད་དགོཔ་སྦེ་ སླབ་ཡོདཔ་ད་ སྟོད་འཚོའི་རྒཔོ་ བདེ་ཆེན་དབང་འདུས་ཀྱིས་ སླབ་མིའི་ནང་ ཏ་ཝང་གི་ མི་སེར་ཚུ་ ཚུལ་མཐུན་ཡིག་ཆ་མེད་པར་ འོང་པ་ཅིན་ བཀྲིས་སྒང་ལྕགས་ཟམ་ལས་བརྒལ་ཏེ་ འགྱོ་མི་བཅུག་ཟེར་ཨིན་པས།
འབྲུག་གི་ས་གནས་གཞན་ཚུ་ནང་ ལྟ་སྐོར་འབད་འདོད་ཡོད་མི་ ཏ་ཝང་པ་ཚུ་གིས་ བསམ་གྲུབ་ལྗོངས་མཁར་དང་ ཕུན་ཚོགས་གླིང་ལུ་ཡོད་མི་ འཛུལ་སྒོ་ཚུ་ལས་རྐྱངམ་གཅིག་ རྒྱལ་ཁབ་ནང་ འོང་ཆོག་ནི་ཨིན་པའི་གནས་ཚུལ།


 
རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment