གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་ལེགས་ཕུག་ལུ་ ད་རུང་ རྫས་བམ་གས་ཡོདཔ།

༢༣/༡༡/༢༠༡༢   ༉ སྤྱི་ཟླ་༡༡ པའི་ཚེས་༢༡ ལུ་ ཕྱི་རུའི་ཆུ་ཚོད་༡༠.༡༥ དེ་ཅིག་ཁར་ དགེ་ལེགས་ཕུག་གི་ས་གནས་ བཱུར་ལུ་ རྫས་བམ་ཅིག་གས་ཡོདཔ་ད་ རྫས་བམ་གྱི་གས་རྐྱེན་དེ་ དགེ་ལེགས་ཕུག་ལུ་ ཟླཝ་ལྷགཔ་ཅིག་ནང་ ཐེངས་༣ པ་ཨིན་པས།


གས་རྐྱེན་དེ་ དགེ་ལེགས་ཕུག་དང་ གསར་སྤང་གཞུང་ལམ་གྱི་འོག་ལུ་ བཱུར་པ་ནི་ཁོལ་ཅི་ཟེར་སར་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་བའི་ ཡིག་ཚང་གི་གདོང་ཁར་ མི་ཊར་༥༠༠ དང་༦༠༠ དེ་ཅིག་གི་ས་ཁོངས་ནང་ ཆུ་སྐྐམ་སྟེ་ཡོད་པའི་མཐའ་མར་ བྱུང་ཡོདཔ་ཨིན་པས།
དེ་ཡང་ མི་ཊར་༣༩ འབད་མི་ གློག་ཐག་གུ་ འཕྲུལ་མེ་ལྟོ་ཚུ་ མགུ་མཐུད་རྐྱབ་སྟེ་བཟོ་མི་ གས་རྫས་དེ་ བྱེམ་ནང་ བཙུགས་བཞག་ཡོདཔ་ད་ གས་པའི་སྐབས་ མི་ཊར་༣ དེ་ཅིག་གི་ མཐའ་འཁོར་ལུ་ རྡོ་དག་པ་ཅིག་ སྤོག་བཏང་ཡོད་རུང་ གནོད་སྐྱོན་གཞན་ ག་ནི་ཡང་ མ་རྐྱབ་པས།
གས་རྐྱེན་བྱུང་སའི་ ས་ཁོངས་ནང་ ནེ་པཱལ་ལུ་ཡོད་པའི་ བི་ཡུ་ཨེསི་ཌི་པི་ནང་ལས་ཨིན་ཟེར་བའི་ ཡི་གུ་ཅིག་ བཀོག་བཞག་མི་དེ་ཐོབ་ཡོདཔ་ད་ ས་ཁོངས་ནང་ལས་ མི་ཊར་༣༩ འབད་མི་ གློག་ཐག་དང་ འཕྲུལ་མེ་ལྟོ་ཆ་ཚང་ཅིག་ ཐོབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དགེ་ལེགས་ཕུག་ལུ་ འཕྲལ་ཁམས་ཅིག་ཁར་ ཉེན་སྲུང་དང་འབྲེལ་བའི་བྱུང་རྐྱེན་ཚུ་ ཡར་འཕར་འགྱོ་མི་དང་འབྲེལ་ ཁ་ཙ་ དགེ་ལེགས་ཕུག་ རྒྱ་འབྲུག་མཐུན་འབྲེལ་ཚོགས་པའི་འཐུས་མི་ཚུ་དང་ ཁྲོམ་སྡེའི་འཐུས་མི་ དེ་ལས་ རྒེད་འོག་༨ ཀྱི་ རྒཔོ་ཚུ་གི་བར་ན་ ཉེན་སྲུང་དང་འབྲེལ་བའི་ ཞལ་འཛོམས་འཚོགས་ཡོདཔ་ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་ ཉེན་སྲུང་དང་འབྲེལ་བའི་ གནད་དོན་ཁག་དག་པ་ཅིག་ ཐོ་བཀོད་འབད་ཡོདཔ་ད་ དེ་ཚུ་ རྫོང་ཁག་བརྒྱུད་དེ་ ཆེ་མཐོའི་དབང་འཛིན་ཚུ་ལུ་ གཏང་ནི་ཨིན་པས།
གནད་དོན་ཚུ་གི་གྲས་ལས་ དགེ་ལེགས་ཕུག་ རྒྱ་འབྲུག་མཐུན་འབྲེལ་ཚོགས་པའི་འཐུས་མི་ དབང་འདུས་ཀྱིས་ སླབ་མིའི་ནང་ ཁོ་ར་ སེངྒེ་རྒེད་འོག་ནང་ལས་ཨིནམ་བཞིན་དུ་ སེངྒེ་རྒེད་འོག་གི་མི་སེར་ཚུ་ གསར་སྤང་ལས་ རྒེད་འོག་ནང་འགྱོཝ་ད་ ཉེན་སྲུང་མེད་མི་ལུ་བརྟེན་ ཁྱིམ་ནང་མ་ལྷོད་ཚུན་ ས་མཚམས་ཁའི་ སོ་ནམ་ཞིང་ལམ་བདའ་སྟེ་ ལམ་གཡས་གཡོན་ལས་ཕར་ མི་ངན་དང་ གླངམོ་ཆེ་ཚུ་གི་ འདྲོག་འཇིགས་འཐབ་སྟེ་ འགྱོ་དགོ་པས་ཟེར་ཨིན་པས།   
དེ་བཟུམ་སྦེ་ གཤོམ་སྤང་ཁ་རྒཔོ་ སུག་རྡོ་རྗེ་ཡཱོན་ཟཱན་གྱིས་ སླབ་མིའི་ནང་ གསར་སྤང་དང་ དགེ་ལེགས་ཕུག་གི་ གཞུང་ལམ་ཁར་ ཉེན་སྲུང་དང་འབྲེལ་བའི་ བྱ་སྟབས་མ་བདེཝ་ཚུ་ བྱུང་མི་ལུ་བརྟེན་ ས་མཚམས་ཁར་ཡོད་པའི་ ཁོ་རའི་ རྒེད་འོག་གི་ མི་སེར་ལ་ལུ་ཅིག་ འཇིགས་སྣང་ལང་སྟེ་ ས་ཆ་ཡོད་པ་ཅིན་ གཞན་ཁར་ སྤོ་འགྱོ་དགོ་པའི་སྐོར་ལས་ སླབ་མི་ཡང་ ཐོན་ཡི་ཟེར་ཨིན་པས།
གནད་དོན་གཅིག་ ཨ་སམ་དང་ བེང་གཱལ་མངའ་སྡེ་བརྒྱུད་དེ་ འགྲོ་འགྲུལ་འབད་དགོ་པའི་ ལམ་ཁག་༦ ཡོད་མིའི་ནང་ འབྲུག་པའི་དེད་གཡོགཔ་ཚུ་ལུ་ ཉེན་སྲུང་དང་ སྟབས་བདེ་དྲགས་ བཟོ་དགོ་པའི་སྐོར་ལས་ཡང་ གྲོས་བསྡུར་འབད་ཡོདཔ་ཨིན་པས།   
འཐུས་མི་ཅིག་གིས་ སླབ་མིའི་ནང་ ཨ་རྟག་ར་ ཁ་གིས་ རྒྱ་འབྲུག་མཐུན་ལམ་ཟེར་ སླབ་དོ་ཡོདཔ་ཨིན་རུང་ མི་ངན་ཚུ་གིས་ འབྲུག་པའི་ས་ཁོངས་ནང་ གནོད་སྐྱོན་མ་ཆད་པར་ བཀལ་མི་ལུ་ལྟཝ་ད་ སེམས་སྐྱོཝ་མས་ཟེར་ཨིན་པས།
རྒྱ་འབྲུག་མཐུན་འབྲེལ་ཚོགས་པའི་ འཐུས་མི་ཚུ་གིས་འབད་བ་ཅིན་ ཞལ་འཛོམས་དེ་ མི་སེར་ཚུ་གིས་ བྱུང་རྐྱེན་ཚུ་གི་སྐོར་ལས་ ཉོགས་བཤད་བཀོད་མི་དང་བསྟུན་ མི་སྡེའི་འགོ་ཁྲིདཔ་ཚུ་དང་ འབྲེལ་ཡོད་ཚུ་དང་གཅིག་ཁར་ མི་སེར་གྱི་སྟབས་བདེ་སྡུག་གི་ དཀའ་ངལ་ཚུ་གི་སྐོར་ལས་ གྲོས་འཆར་བསྡུ་ལེན་འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ ད་ཚུན་ རྒྱལ་ཁབ་༢ ཀྱི་ མི་སེར་དང་ མི་སེར་གྱི་བར་ན་ མཐུན་ལམ་བཟོ་བཞིན་དུ་ཡོད་རུང་ འཕྲལ་ཁམས་ཅིག་ལས་ གནོད་སྐྱོན་ཚུ་ ཡར་འཕར་འགྱོ་མི་ལུ་བརྟེན་ གཞུང་༢ ཀྱི་བར་ན་ གསུང་གྲོས་ལེགས་ཤོམ་སྦེ་ གནང་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།


དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment