༉ བསམ་རྩེ་ལུ་སྡོད་མི་ མང་ཤོས་ཅིག་གིས་ར་ སང་ཕོད་ཀྱི་ སྤྱི་ཚོགས་ཐེངས་༢ པའི་བཙགས་འཐུའི་སྐབས་ འབྲུག་ཕུན་སུམ་ཚོགས་པའི་ཁ་ཐུག་ལས་ སིབ་སུ་འདེམས་ཁོངས་ཀྱི་དོན་ལུ་ བསྟན་འབྲུ་ལས་ སྤྱི་མི་བགྲེསཔ་ སངས་རྒྱས་མཁའ་འགྲོ་གིས་ བཅའ་མར་གཏོགས་ནི་སྦེ་ སླབ་དོ་ཡོདཔ་ཨིན་རུང་ སངས་རྒྱས་མཁའ་འགྲོ་གིས་འབད་བ་ཅིན་ མ་གཞི་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་དེ་ ངེས་བདེན་ཨིན་རུང་ སྲིད་ཚོགས་ག་ནང་ འཛུལ་ཞུགས་འབད་ནི་ཨིན་ན་ སེམས་ཐག་མ་བཅད་པར་ ཡོད་ཟེར་ཨིན་པས།
སྐྱེས་ལོ་༣༦ འབད་མི་ སངས་རྒྱས་མཁའ་འགྲོ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ སྲིད་ཚོགས་གཞན་ཚུ་ལས་ཡང་ མཁོ་འདོད་བཀོད་མི་ ལེ་ཤ་ཅིག་ར་ ཐོན་དོ་ཡོད་མི་ཚུ་ལུ་ཡང་ ཏན་ཏན་མ་སླབ་པར་ གོ་སྐབས་ཚུ་ སྒོ་ཕྱེཝ་ཕྱེ་སར་ བཞག་སྟེ་ཡོད་ཟེར་ཨིན་པས།
མ་གཞི་ཁོ་ར་ འབྲུག་ཕུན་སུམ་ཚོགས་པ་ གཞི་བཙུགས་འབད་མི་ཚུ་གི་གྲས་ལས་ གཅིག་རུང་ ཁོ་ལུ་ རྒྱབ་སྐྱོར་འབད་མི་ ལ་ལུ་ཅིག་གིས་ འབྲུག་ཕུན་སུམ་ཚོགས་པའི་ནང་ར་ འཛུལ་ཞུགས་འབད་དགོཔ་སྦེ་ སླབ་དོ་ཡོདཔ་ད་ ལ་ལུ་ཅིག་གིས་ སྲིད་ཚོགས་གཞན་ཚུ་ནང་ འཛུལ་ཞུགས་འབད་དགོ་པའི་ ཨུ་ཚུགས་བསྐྱེད་མི་ཡང་ ཐོནམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ བཙག་འཐུའི་དོན་ལུ་ དུས་ཚོད་ལེ་ཤ་ཡོདཔ་ལས་ མཐའན་མཇུག་ལུ་ མི་སེར་ཚུ་གི་ མཐའ་དོན་ལུ་ལྟ་སྟེ་ ཁོ་ར་གིས་སྦེ་ར་ གྲོས་ཐག་བཅད་ནི་ཟེར་ ཨིནམ་མ་ཚད་ དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ དོ་འགྲན་འབད་འོང་ག་དང་ ཡང་ཅིན་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ བཅའ་མར་གཏོགས་འོང་ག་ གཏན་འཁེལ་མེད་ཟེར་ཨིན་པས།
དེ་མ་ཚད་ ད་ལྟོ་ མི་སེར་ཚུ་གིས་ ང་ར་ འབྲུག་ཕུན་སུམ་ཚོགས་པའི་ནང་ལས་ དོ་འགྲན་འབད་དགོཔ་སྦེ་ སླབ་དོ་ཡོདཔ་ཨིན་རུང་ སྲིད་ཚོགས་ལས་ འཛུལ་ཞུགས་ཀྱི་དོན་ལུ་ གནང་བའི་ཤོག་འཛིན་ ཐོབ་མི་ཐོབ་ཀྱི་སྐོར་ལས་ སླབ་མི་ཤེས་ཟེར་ཨིནམ་ད་ གལ་སྲིད་ ང་གིས་ མི་སེར་གྱི་དོན་ལུ་ ཕྱག་ལེགས་ཤོམ་སྦེ་ ཞུ་ཚུགས་ནི་ཨིན་པས་མནོ་བ་ཅིན་ ཤོག་འཛིན་ཡང་ གནང་ནི་འོང་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ འཛུལ་ཞུགས་ཀྱི་ གནང་བའི་ཤོག་འཛིན་དེ་ ཁོ་ར་བ་དྲག་པའི་ ལྕོགས་གྲུབ་ཅན་གྱི་ མི་ཚུ་ལུ་གནང་རུང་ དེ་ལུ་ གུས་ཞབས་འབད་ནི་མ་གཏོགས་ ངལ་མ་རངསམ་བསྐྱེད་དགོཔ་ཡང་ རྩ་ལས་ར་ མེད་ཟེར་ཨིན་པས།
སྤྱི་མི་བགྲེསཔ་དེ་གིས་འབད་བ་ཅིན་ ཁོ་ར་ ས་གནས་དེ་ནང་ ཡུན་རིངམོ་སྦེ་ར་ སྡོད་མི་ལུ་བརྟེན་ ཁོ་རའི་ སྒེར་གྱི་མཐུན་ལམ་ཚུ་ལུ་གཞི་བཞག་པ་ཅིན་ བཙག་འཐུ་ལས་བརྒྱུད་དགོ་པའི་ གོ་གནས་ག་ཅིའི་ནང་ བཅའ་མར་གཏོགས་དགོ་རུང་ ཚོགས་རྒྱན་བརྒྱ་ཆ་༩༩ འཐོབ་ཚུགས་ཟེར་ཨིན་པས།
ཨིན་རུང་ ཁོ་རའི་ སྒེར་གྱི་མཐུན་ལམ་ཚུ་ སྲིད་དོན་དང་ བཙག་འཐུའི་བྱ་སྒོ་ནང་ འབྲེལ་བ་བཟོ་དགོཔ་ མེད་ཟེར་ཨིན་པས།
ཁོ་ར་ ལོ་ན་གཞོནམ་སྦེ་ སྡོད་པའི་སྐབས་ལུ་ རྒཔོ་གི་ངོ་ཚབ་དང་ སྤྱི་མིའི་གོ་གནས་ཚུ་འབག་སྟེ་ གཞུང་ལུ་ ཕྱག་ཞུ་དགོཔ་ཐོན་ཡོདཔ་ལས་ ད་རེས་ ཁོ་རའི་ཆ་རོགས་དང་ ངོ་ཤེསཔ་ དེ་ལས་ གཡུས་མི་གཞན་ཚུ་དང་གཅིག་ཁར་ སྤྲོ་བ་འཕེལ་ཏེ་ སྡོད་དོ་ཟེར་ཨིན་པས།
རེ་ཚེ་སྐབས་ སྲིད་དོན་ནང་ བཅའ་མར་མི་གཏོགས་ཟེར་བའི་ མནོ་བསམ་ཡང་ བཏང་དོ་ཡོདཔ་ད་ རེ་ཚེ་སྐབས་ ད་ལྟོ་ གོ་སྐབས་ཐོབ་པའི་སྐབས་ རྒྱལ་ཡོངས་ཀྱི་དོན་ལུ་ ངོས་ལེན་འབད་དགོ་ཟེར་ཡང་ མནོཝ་མས་ཟེར་ཨིན་པས།
སངས་རྒྱས་མཁའ་འགྲོ་ ཁོ་རའི་ ཨ་རྒས་ཀྱིས་ཡང་ གཟིམ་སྒརཔ་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ ཁོ་རའི་ ཨ་པ་གིས་ ལོ་ངོ་༢༠ ལྷགཔ་ཅིག་ རྒཔོ་སྦེ་ ཕྱག་ཞུ་མི་དང་འཁྲིལ་ ད་རེས་ཁོ་གིས་ སྲིད་ཚོགས་ནང་ བཅའ་མར་གཏོགས་དགོ་མི་དེ་ཡང་ དེ་དང་འཁྲིལ་ཏེ་ཨིན་ཟེར་ཨིན་པས།
སངས་རྒྱས་མཁའ་འགྲོ་ཁོ་ར་ ཧེ་མ་ དཔེ་ཆ་ལྷབ་སྟེ་ སྡོད་པའི་སྐབས་ལུ་ཡང་ སློབ་གྲྭའི་ངལ་གསོ་ཚུ་གི་སྐབས་ ཁོ་རའི་ཨ་པ་ལུ་ གྲོགས་རམ་འབད་དོ་ཡོདཔ་མ་ཚད་ ཁོ་ར་ སྐྱེས་ལོ་༢༠ ལངམ་ད་ ཨ་པ་གྱོང་སོ་པའི་ཤུལ་ལུ་ རྫོང་ཁག་གིས་ སངས་རྒྱས་མཁའ་འགྲོ་དེ་ ཟླ་ངོ་༡༣ གྱི་དོན་ལུ་ རྒཔོ་གི་ ངོ་ཚབ་སྦེ་ བཀལ་ཡོདཔ་ཨིན་པས།
ཨིན་རུང་ དེ་གི་ཤུལ་ལས་ རྒཔོ་བཙག་འཐུ་འབད་བའི་སྐབས་ ལོ་ཚད་མ་ལང་མི་ལུ་བརྟེན་ ལུས་སོཔ་ད་ སྐྱེས་ལོ་༢༥ ལས་འགོ་བཙུགས་ཏེ་ ལོ་༦ གི་རིང་ སྤྱི་མི་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ རྫོག་ཁག་ཡར་རྒྱས་ཚོགས་འདུའི་ ཁྲི་འཛིན་ཡང་ འབད་ཡོདཔ་ད་ རྒྱལ་ཡོངས་ཀྱི་ གནས་ཚད་ནང་འབད་བ་ཅིན་ མི་མང་རྩིས་ཞིབ་ཀྱི་འཐུས་མི་ཡང་ འབད་ཡོདཔ་ཨིན་པས།
སངས་རྒྱས་མཁའ་འགྲོ་གི་ གྲོས་སྟོན་པ་ བསྟན་འཛིན་རྣམ་རྒྱལ་གྱིས་འབད་བ་ཅིན་ སངས་རྒྱས་མཁའ་འགྲོ་དེ་ འགག་བཤེར་དང་ ཚད་མཉམ་ནང་ ལེགས་ཤོམ་ཡོདཔ་ལས་ མི་སེར་ཚུ་ལུ་ ཕན་སྦོམ་ཐོགས་ཚུགས་ནི་ཨིནམ་མ་ཚད་ མི་སེར་ཚུ་གི་ སྐྱིད་སྡུག་ཚུ་ཡང་ གཞུང་ལུ་ ཞུ་བ་ལེགས་ཤོམ་སྦེ་ འབད་ཚུགས་ཟེར་ཨིན་པས།
སྐྱེས་ལོ་༤༡ འབད་མི་ ཕོ་སྐྱེས་དེ་གིས་འབད་བ་ཅིན་ སངས་རྒྱས་མཁའ་འགྲོ་གིས་ སྤྱི་མི་སྦེ་ སྡོད་པའི་རིང་ལུ་ཡང་ རྫོང་ཁག་གི་ མི་སེར་ཚུ་ལུ་ ལེགས་འགྱུར་ལེ་ཤ་ཅིག་ར་ བཟོ་ཡོདཔ་ལས་ མི་སེར་ཚུ་གིས་འབད་རུང་ བློ་གཏད་དང་ཡིད་ཆེས་ སྦོམ་སྦེ་ར་ ཡོད་ཟེར་ཨིན་པས།
དེ་མ་ཚད་ སྤྱི་མི་བགྲེསཔ་དེ་གིས་ མི་སེར་ཚུ་ལུ་ དཀའ་ངལ་ག་དེ་སྦེ་ར་བྱུང་རུང་ ཆ་རོགས་འབད་བྱིན་དོ་ཡོདཔ་མ་ཚད་ ད་ལྟོ་ཚུན་ཚོད་ཡང་ འབྲུག་ཕུན་སུམ་ཚོགས་པའི་ རྫོང་ཁག་འགོ་འདྲེན་པ་སྦེ་ ཕྱག་ཞུ་ཡོདཔ་ལས་ སྲིད་ཚོགས་གཞན་ནང་ འགྱོ་དགོཔ་མི་ཐོནམ་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་སེར་གྱི་ རེ་བ་ལྟར་དུ་འབད་བ་ཅིན་ སངས་རྒྱས་མཁའ་འགྲོ་གིས་ འབྲུག་ཕུན་སུམ་ཚོགས་པ་ནང་ལས་སྦེ་ར་ དོ་འགྲན་འབད་དགོཔ་ད་ ཐ་ན་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ བཅའ་མར་གཏོགས་ནི་ལས་ཡང་ བཀག་ཆ་འབདཝ་མས་ཟེར་ཨིན་པས།
སངས་རྒྱས་མཁའ་འགྲོ་གིས་ ཐའི་ལེནཌི་ལུ་ཡོད་པའི་ རང་སིཊ་གཙུག་ལག་སློབ་སྡེ་ནང་ལས་ སྲིད་དོན་ཚན་རིག་ནང་ལས་ མཐོ་རིམ་ཤེས་ཚད་ མཇུག་བསྡུ་ཡོདཔ་ཨིན་པའི་གནས་ཚུལ།
བསྟན་འབྲུ་ལས་ ཉི་མ་དབང་འདུས།
No comments:
Post a Comment