གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡ་ཁྲ་འཐག་སྟེ་ འོང་འབབ་ལེགས་ཤོམ་བཟོ་ཚུགས་དོ་ཡོདཔ།

༡༦/༡༡/༢༠༡༢   ༉ ཆུ་སྨད་རྒེད་འོག་གི་ ཅུང་འཕེལ་ གཞུ་རེ་ སྐེར་ཚོ་ སྦིམ་དང་ཡིད་རང་སྦིས་གཡུས་ཚན་ལྔ་གི་ ཨམ་སྲུ་ཚུ་ དུས་ཚོད་འ་ནེམ་ཅིག་ཟེར་མེད་པར་ ཨ་རྟག་ར་ ཡ་ཁྲ་ཐགས་སྡོད་སར་ མཐོང་གསལ་བྱུངམ་ཨིན་པས།
བུམ་ཐང་གཞུ་རས་ལས་ ཡ་ཁྲ་འཐག་མི་ མགོནམ་བཟངམོ།


སྐྱེས་ལོ་༢༠ ལང་མི་ གཞུ་རས་ལས་ མགོནམ་བཟངམོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མོ་ར་ ལོ་ངོ་དག་པ་ཅིག་གི་ཧེ་མ་ལས་ སློབ་གྲྭ་ནང་ལས་ ཐོན་སྡོད་མི་ཅིག་ཨིན་རུང་ ཐགས་འཐག་ནི་དེ་ མོ་ར་ སློབ་རིམ་གསུམ་པ་དེ་ཅིག་ནང་ སྡོད་པའི་སྐབས་ལས་ར་ འགོ་བཙུགས་ཅི་ཟེར་ཨིན་པས།
མོ་གིས་ ཡ་ཁྲ་ཉོ་མི་ ལེ་ཤ་ཐོན་ནི་དེ་གིས་ སློབ་གྲྭ་ནང་ལས་ཐོན་སྡོད་རུང་ ཏི་རུ་གི་འོང་འབབ་ བཟོ་ཚུགས་ནི་དེ་གིས་ སེམས་ཕམ་མི་བྱུང་མས་ཟེར་ཨིནམ་ད་ མོ་གིས་ དུས་ཚོད་མང་ཤོས་ར་ ཀོཋ་བཙེམ་ནི་གི་དོན་ལུ་ ཐགས་དོ་ཡོདཔ་ད་ མོ་གིས་ མོ་རའི་བཟའ་ཚང་ནང་དགོ་པའི་ བཟའ་ཆས་ཚུ་ཉོ་ནི་གི་དོན་ལུ་ ཏི་རུ་ལངམ་སྦེ་ བཟོ་ཚུགས་དོ་ཡོདཔ་ཨིན་པས།
ཡ་ཁྲ་གི་སྐྱུདཔ་ཚུ་ སྦོམ་ཡོད་ནི་དེ་གིས་ ཐགས་པའི་སྐབས་ དུས་ཚོད་ལེ་ཤ་མི་འགོར་དོ་ཡོདཔ་ད་ ཀོཋ་ཅིག་འཐག་ནི་ལུ་ ཞག་གཉིས་དེ་ཅིག་ལས་ མི་འགོར་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༢༡ ལང་མི་ བསོད་ནམས་ལྷ་མོ་གིས་ཡང་ མོ་རའི་ཁྱིམ་ནང་གི་དོན་ལུ་ ཐགས་དོ་ཡོདཔ་ལས་ ཟླཝ་ཅིག་ནང་ ཡ་ཁྲ་བདུན་དེ་ཅིག་ཐགས་ཚུགས་ནི་དེ་གིས་ མོ་རའི་བཟའ་ཚང་གི་དོན་ལུ་ མ་དངུལ་གྱི་དཀའ་ངལ་མེདཔ་ཅིག་ བཟོ་ཚུགས་པས་ཟེར་ཨིན་པས།
དེ་བཟུམ་སྦེ་ འཐག་ནི་གི་སྲོལ་དེ་ གཡུས་ཚན་དེ་ཚུ་ནང་ ཡོངས་གྲགས་འགྱོ་ནི་དེ་གིས་ ཁྱིམ་ཅིག་ནང་ ཐགས་འཐག་མི་ཅིག་ངེས་པར་དུ་ འོང་དོ་ཡོདཔ་ཨིནམ་ད་ གཡུས་ཚན་ལྔ་བསྡོམས་ཏེ་ ཁྱིམ་གུང་༣༤ དེ་ཅིག་ ཡོདཔ་ཨིན་པས།
སྤྱི་འོག་དེ་གི་ཚོགས་པ་ ཕུན་ཚོགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཐགས་འཐག་མི་གི་གྱངས་ཁ་དེ་ཡང་ ལོ་ངོ་བརྒྱད་དེ་ཅིག་གི་ཧེ་མར་ ཁྲུམ་ཤིང་ལ་རྒྱལ་ཡོངས་གླིང་ཁ་གིས་ གྲོགས་རམ་ཐོག་ལས་ གསོག་འཇོག་མ་དངུལ་༥༠༠༠༠ བྱིན་ཏེ་ ཅུང་འཕེལ་ཡ་ཁྲ་ཚོགས་པ་ གཞི་བཙུགས་འབད་བའི་ཤུལ་ལས་ མང་སུ་ཐོན་ཡི་ཟེར་ཨིན་པས།
ཁོ་གིས་ ལོ་དང་པའམ་དེ་ནང་ ཁོ་ར་གིས་ འགོ་འདྲེན་ཐོག་ལས་ གཡུས་མི་ཚུ་གི་དོན་ལུ་ སྐྱུདཔ་ཚུ་ཉོ་སྟེ་ བྱིན་པའི་ཤུལ་ལས་ གསོག་འཇོག་མ་དངུལ་དེ་གིས་ དངུལ་ཀྲམ་༨༥,༠༠༠ དེ་ཅིག་བཟོ་ཚུགས་ཏེ་ ལོ་དེ་གི་ཤུལ་ལས་ འཐུས་མི་སྡེ་ཚན་ཚུ་ལུ་ མ་དངུལ་སྐྱིན་འགྲུལ་བྱིན་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
ཚོགས་པ་གི་རྩིས་དེབ་ནང་ ད་ལྟོ་ མ་དངུལ་འབུམ་གཉིས་དེ་ཅིག་ཡོདཔ་ད་ ཚོགས་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མ་དངུལ་དེ་ལས་ ལོ་བསྟར་བཞིན་དུ་ འཐུས་མི་ཚུ་ལུ་ དངུལ་ཀྲམ་༡༦༠༠ རེ་ སྤྲོད་དེ་ མ་དངུལ་གསོག་འཇོག་འབད་ཐབས་ལུ་ འཐུས་མི་ཚུ་ལས་ སྐྱེད་བརྒྱ་ཆ་༡༠ རེ་ བསྡུ་བཞག་སྲོལ་བཟོ་སྟེ་ཡོད་ཟེར་ཨིནམ་ད་ མ་དངུལ་མང་སུ་དགོ་མི་ཚུ་ལུ་ཡང་ སྐྱེད་ཀྱི་ཐོག་ལས་བྱིན་དོ་ཡོདཔ་ལས་ སྐྱེད་ཐོབ་ཐབས་ལུ་ སྐྱིན་འགྲུན་འབག་མི་ཚུ་གི་སྐྱེད་ཚུ་ ལོ་མཇུག་བསྡུ་ཁམས་ལུ་ བསྡུ་ནི་ཡོད་ཟེར་ཨིན་པས།
སྐེར་ཚོ་གཡུས་ཚན་ལས་ ཨམ་སྲུ་ཅིག་གིས་ སྐྱེད་དུམ་གྲ་རེ་སྤྲོད་དགོ་རུང་ མ་དངུལ་དེ་ ཁོང་རང་གི་དོན་ལུ་ར་ འགྱོ་དོ་ཡོདཔ་ལས་ དཀའ་ངལ་ཐོནམ་ད་ ཕན་ཐོགས་པའི་ཁར་ མ་འོངས་པ་གི་དོན་ལུ་ཡང་ ཕན་ཐོགས་འདུག་ཟེར་ཨིན་པས།
གཡུས་ཚན་དེ་ཚུ་ རྫོང་ཁག་གི་ མཐའ་ཟུར་གཡུས་ཚན་སྦེ་ རྩིསཝ་ཨིན་རུང་ འཁོར་ལམ་དང་ གློག་མེ་ དེ་ལས་ བརྒྱུད་འཕྲིན་གྱི་ཞབས་ཏོག་ཚུ་ ལྷོད་དེ་ཡོདཔ་ཨིན་པའི་གནས་ཚུལ།


 
བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment