གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཆར་གཞི་༡༡ པའི་ནང་ ལཱ་གཡོག་གི་གོ་སྐབས་༡༤༠,༠༠༠ དེ་ཅིག་བཟོ་ནིའི་དམིགས་ཡུལ།

༢༣/༡༡/༢༠༡༢   ༉ ལཱ་གཡོག་ལྷན་ཁག་གི་ གསལ་སྟོན་འབད་མི་ འཆར་ལོ་༢༠༡༡ དང་༢༠༡༢ པའི་ ལོ་བསྟར་སྙན་ཞུ་དང་འཁྲིལཝ་ད་ འཆར་གཞི་༡༡ པའི་ནང་ ལཱ་གཡོག་གི་གོ་སྐབས་༡༤༠,༠༠༠ དེ་ཅིག་བཟོ་དགོཔ་སྦེ་ ཡོདཔ་ཨིན་པས།


ལཱ་གཡོག་ལྷན་ཁག་གིས་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་དེ་ བརྒྱ་ཆ་༢.༡ གུ་མར་ཕབ་འབད་ཡོད་མི་དེ་ ལཱ་གཡོག་ལྷན་ཁག་གི་ དམིགས་ཡུལ་ལས་ལྷག་སྟེ་ གྲུབ་འབྲས་བཏོན་ཚུགས་ཏེ་འབད་རུང་ ལཱ་གཡོག་མ་འཐོབ་པའི་དཀའ་ངལ་བསལ་ཐབས་ལུ་ འཆར་གཞི་དང་ལས་རིམ་ཚུ་ བརྩམ་པའི་བསྒང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༢ ལུ་ ལཱ་གཡོག་མེད་པར་སྡོད་མི་༡༨,༦༨༢ དེ་ཅིག་གི་ ཁ་སྐོང་ ལོ་༦ གི་ཤུལ་ལས་ སྤྱི་ལོ་༢༠༡༨ ལུ་ ལཱ་གཡོག་ནང་འཛུལ་ཞུགས་འབད་མི་༢༧,༥༠༥ དེ་ཅིག་འཐོན་ནི་ཨིནམ་མ་ཚད་ སློབ་རིམ་༡༠ པ་དང་༡༢ པ་ མཐར་འཁྱོལ་མི་ སློབ་ཕྲུག་ན་གཞོན་ཚུ་གིས་ ལཱ་གཡོག་མ་འཐོབ་པར་སྡོད་མི་༡༣,༠༨༣ ཡོད་མི་དེ་གིས་ཡང་ ཧེ་མ་ལས་ཡོད་མི་༡༨,༦༨༢ ལུ་ ཁ་སྐོང་འབད་ཡོདཔ་ཨིན་པས།
ལོ་བསྟར་སྙན་ཞུའི་ནང་ སྤྱི་ལོ་༢༠༡༢ ལུ་ སློབ་རིམ་༡༠ པ་དང་༡༢ པའི་ནང་ སློབ་སྦྱོང་འབད་མི་ན་གཞོན་༢༡,༣༠༨ འདུག་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༢ ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ ན་གཞོན་༡༩༦༩ ལཱ་གཡོག་འཚོལ་བའི་བསྒང་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༡༨ ལུ་ ༣༤༢༡ དེ་ཅིག་ ལཱ་གཡོག་འཚོལ་བར་འཐོན་འོང་ཟེར་ཨིན་པས།
ལོ་བསྟར་བརྟག་ཞིབ་སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ཀྱི་མི་རློབས་༧༣༤,༨༥༡ ཡོད་མིའི་གྲས་ལས་ ལཱ་གཡོག་ནང་འཛུལ་ཞུགས་འབད་མི་༣༢༩,༤༨༧ ཡོདཔ་ཨིན་རུང་ ལཱ་གཡོག་མ་ཐོབ་པར་སྡོད་མི་ ཡོངས་བསྡོམས་༡༠,༥༠༠ ཡོད་མི་དེ་ ༦༩༠༤ ལུ་ མར་ཕབ་འབད་ཡི་ཟེར་ཨིན་པས།
དེ་ཡང་ ལཱ་གཡོག་ལྷན་ཁག་གིས་ འཆར་གཞི་དང་བསྟུན་ ལཱ་གཡོག་གི་གོ་སྐབས་ བཟོ་ཡོད་པའི་ཁར་ ལྷན་ཐབས་ཀྱི་མཐུན་རྐྱེན་སྤྲོད་མི་ཚུ་ཡང་ ལཱ་གཡོག་མདུན་ལམ་གྱི་ལམ་སྟོན་དང་ ལཱ་གཡོག་གི་བསླབ་སྟོན་ ཚོང་གི་ལཱ་དང་འབྲེལ་བའི་རིག་རྩལ་གོང་འཕེལ་ལས་རིམ་ རང་གིས་འབད་ར་ གཡོག་འཚོལ་ནི་ལུ་རྒྱབ་སྐྱོར་ དེ་ལས་ ལུང་ཕྱོགས་རྫོང་ཁག་དང་ རྒྱལ་ཡོངས་ནང་སྦེ་ ལཱ་གཡོག་གི་འགྲེམ་སྟོན་ལས་རིམ་ཚུ་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
ལཱ་གཡོག་ལས་ཁུངས་ནང་ དུས་ཅི་ ལཱ་གཡོག་འཚོལ་མིའི་ ན་གཞོན་༨,༡༧༤ ཐོ་བཀོད་འབད་ཡོདཔ་ད་ སྤྱི་ལོ་༢༠༡༡ ལུ་ ༧,༠༢༥ གིས་ ཐོ་བཀོད་འབད་བར་ འོང་ནུག་ཟེར་ཨིནམ་ད་ ལཱ་གཡོག་ལས་ཁུངས་ཀྱིས་ ལཱ་གཡོག་འཚོལ་བར་འོང་མི་༡༣༦༣ ཐོ་བཀོད་འབད་མི་ཚུ་ ལས་སྡེ་དང་ ལས་འཛིན་ཁག་གི་ཡིག་ཚང་ཚུ་ནང་ ལཱ་གཡོག་འཚོལ་བར་བཏང་ཡོདཔ་ཨིན་པས།
ལཱ་གཡོག་གི་དོན་ལུ་ ཐོ་བཀོད་འབད་མི་གིས་མ་དོ་བར་ ལོ་བསྟར་བཞིན་དུ་ མི་གྲངས་༤༠༠ དེ་ཅིག་ གནས་སྐབས་གཡོག་སྦྱོང་ ལས་རིམ་ནང་མི་སེར་དང་སྒེར་སྡེ་མཐུན་འབྲེལ་དཔེ་སྟོན་བཟུམ་ཅིག་སྦེ་ གཞུང་ལས་ སྒེར་སྡེ་ནང་འཛུལ་ཞུགས་འབད་མི་ལུ་ འཚོ་རྟེན་དངུལ་ཕོགས་བྱིན་པའི་ཁར་ ལཱ་གཡོག་སྤྲོད་མི་ཇོ་བདག་གིས་ ལག་ལེན་གཞན་གྱི་རིགས་ཚུ་ བྱིན་དགོཔ་སྦེ་ཡོདཔ་ལས་ དེ་བཟུམ་མའི་ལས་རིམ་འགོ་འདྲེན་འཐབ་མི་གིས་ ལཱ་གཡོག་འཚོལ་མི་ཚུ་ ལྷན་ཐབས་བྱུང་ཡོད་པའི་གསལ་སྟོན་འབད་ཡོདཔ་ཨིན་པས།
གནས་སྐབས་གཡོག་སྦྱོང་ལས་རིམ་འགོ་འདྲེན་འཐབ་མི་གིས་ ན་གཞོན་༡༠༥ ལུ་ སྦྱོང་བརྡར་འབད་ཡོདཔ་ད་ ད་ལྟོ་ སློབ་གྲྭ་ལས་ ཐོན་འོང་མིའི་ ན་གཞོན་༣༢༥ ལུ་ སྦྱོང་བརྡར་ཚུ་བྱིན་པའི་བསྒང་ཡོད་ཟེར་ཨིན་པས།
ལཱ་གཡོག་ལྷན་ཁག་གིས་ ད་རེས་ནངས་པ་ དུས་ཀྱི་འཕོ་འགྱུར་དང་འཁྲིལ་ཏེ་ ན་གཞོན་ཚུ་ ལཱ་གཡོག་མེད་པར་སྡོད་པའི་སྐབས་ མི་སྡེའི་ནང་གི་དཀའ་ངལ་ཚུ་ དཔེ་འབད་བ་ཅིན་ འཐབ་འཛིང་འབད་མི་དེ་ སྨྱོ་རྫས་ལག་ལེན་འཐབ་ནི་ དེ་ལས་ ཨར་རྐུན་འབད་ནི་ལ་སོགས་པའི་རིགས་ལས་ བཀག་ཐབས་དང་ ལཱ་གཡོག་གི་ཉམས་མྱོང་ ཡོན་ཏན་ རིག་རྩལ་ཚུ་ འཐོབ་ཚུགསཔ་བཟོ་ནིའི་དོན་ལུ་ ལས་རིམ་འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༡ ལས་ སྤྱི་ལོ་༢༠༡༢ ཚུན་ སློབ་རིམ་༡༠ པ་དང་༡༢ པ་ དེ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ བསྡོམས་༩༢༥ དེ་ཅིག་ ཐོ་བཀོད་འབད་ཡོད་མི་ལས་ ལས་སྡེ་ཁག་ཚུ་ནང་ ཟླཝ་༣ ལས་༦ ཚུན་ གནས་སྐབས་སྦྱོང་བརྡར་ལས་རིམ་ཚུ་ནང་ འབྲེལ་གཏོགས་འབད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༡ ཟླ་༡ པའི་ནང་ སློབ་རིམ་༦ པའི་ཤེས་ཚད་ཡོད་མི་ཨམ་སྲུ་༧༨ ལུ་ འཚེམ་རྐྱབ་ནིའི་གོ་སྐབས་ཚུ་ སྤྲོད་པའི་ཁར་ ད་ལྟོ་ཨམ་སྲུ་༤༠ དེ་ཅིག་ འཚེམ་རྐྱབ་ནིའི་སྦྱོང་བརྡར་ཚུ་ འབད་བའི་བསྒང་ཡོདཔ་ཨིན་པས།
དེ་འབདཝ་ལས་ འབྲིང་རིམ་སློབ་གྲྭ་བར་མ་ལས་ ཆེ་བ་ཚུན་ སློབ་གྲྭ་༤༨ ནང་ སློབ་ཕྲུག་༡༢,༨༤༡ ལུ་ ལཱ་གཡོག་འཐོབ་ནིའི་དོན་ལུ་ གོ་རྟོགས་ལས་རིམ་དང་ བསྐུལ་ཁྱབ་བརྡ་སྤྲོད་ དེ་ལས་ སྦྱོང་བརྡར་འབད་དགོ་པའི་སྐོར་ལས་ གསལ་བཤད་འབད་ཡོདཔ་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment