གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཌཱནསི་ཁོ་རེ་ཌཱནསི་གི་ འགོ་འདྲེན་པ་ ལོ་༢ ཀྱི་རིང་ ལས་རིམ་འགོ་འདྲེན་འཐབ་མ་ཆོག་པའི་ བཀའ་རྒྱ་བཏོན་ཡོདཔ།

༢༢/༡༡/༢༠༡༢   ༉ སྤྱི་ཟླ་༡༡ པའི་ཚེས་༩ ལུ་ འབྲུག་བརྡ་དོན་རྒྱུན་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་གྱིས་ ཌཱནསི་ཁོ་རེ་ཌཱནསི་ཟེར་མི་ལས་རིམ་འགོ་འདྲེན་འཐབ་མི་འགོ་དཔོན་གྱིས་ དྲག་ཤོས་ཐོན་མི་ཚུ་ལུ་ གསོལ་རས་ཚུ་  འབྲུག་བརྡ་དོན་རྒྱུན་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ནང་ གྲོས་འཆར་བཙུགས་མི་དང་འགལ་སོཔ་ལས་ གསོལ་རས་ཚུ་ བྱིན་དགོ་པའི་ཁར་ ལོ་༢ ཚུན་ དེ་བཟུམ་མའི་ལས་རིམ་འགོ་འདྲེན་འཐབ་ནི་ལས་ བཀག་ཆ་འབད་ཡོདཔ་ཨིན་པས།


དེ་ཡང་ འབྲུག་བརྡ་དོན་རྒྱུན་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ཡིག་ཚང་ལུ་ ཌཱནསི་ཁོ་རེ་ཌཱནསི་ཟེར་མིའི་ལས་རིམ་ནང་ལས་ དྲག་ཤོས་ཐོན་མི་ ན་གཞོན་༦ གི་ཕམ་ཚུ་གིས་ འགོ་འདྲེན་འཐབ་མི་དེ་གིས་ གསོལ་རས་ཚུ་ཚུལ་བཞིན་དུ་ བྱིན་མ་བཏུབ་ལས་ དབྱེ་ཞིབ་མཛད་ནིའི་དོན་ལུ་ ཞུ་ཡིག་བཙུགས་མི་དང་བསྟུན་ ཡིག་ཚང་གིས་ ཞིབ་དཔྱད་འབདཝ་ད་ ཧེ་མ་ གྲོས་འཆར་བཙུགས་མིའི་ ལམ་ལུགས་ལས་ འགལ་སོ་ནུག་ཟེར་ཨིན་པས།
འབྲུག་བརྡ་དོན་རྒྱུན་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ཡིག་ཚང་ལས་ གསལ་སྟོན་འབད་མིའི་སྙན་ཞུ་དང་འཁྲིལཝ་ད་ འགོ་འདྲེན་པ་ ཕུརཔ་རྡོ་རྗེ་གིས་ ལས་རིམ་ནང་ལས་ ཨང་དང་པ་ཐོན་མི་ལུ་ སྣུམ་འཁོར་ཨེ་ཨེསི་ཊར་བྱིན་ནི་ཟེར་ སླབ་མི་དེ་ ཡིག་ཚང་གི་གནང་བ་མེད་པར་ བསྒྱུར་བཅོས་འབད་དེ་ དངུལ་ཀྲམ་༡༠༠,༠༠༠ བྱིན་ནུག་ཟེར་ཨིནམ་མ་ཚད་ ཨང་༢ པ་ལུ་ ཁྱེགས་སྒྲོམ་དང་ ཨང་༣ པ་ལུ་ མའི་ཀྲོར་ཝེབ་ དེ་ལས་ ཨང་༤ པ་དང་༥ པ་༦ པ་ལུ་ ལྟོ་འབད་ནིའི་ཧོད་ཆས་ རའིསི་ཀུ་ཀཱར་རེ་བྱིན་ནུག་ཟེར་ཨིན་པས།
དངུལ་རྩིས་ལྷན་ཁག་ལས་ སྣུམ་འཁོར་ཀཱར་ཚུ་ གསོལ་རས་བྱིན་མ་ཆོག་པའི་ གསལ་བསྒྲགས་འབད་བའི་ཤུལ་ལས་ འགོ་འདྲེན་འཐབ་མི་དང་ བཅའ་མར་གཏོགས་མི་ ཨ་ལུའི་ཕམ་ཚུ་གི་བར་ན་ གསོལ་རས་ཚུ་ འབྲུག་བརྡ་དོན་རྒྱུན་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ཡིག་ཚང་ནང་ གྲོས་འཆར་ཕུལ་མི་དང་འཁྲིལ་ བྱིན་ནི་སྦེ་ ནང་གན་བཟོ་ནུག་ཟེར་ཨིན་པས།
ཡིག་ཚང་ནང་ གྲོས་འཆར་ཕུལ་མི་དང་འཁྲིལཝ་ད་ ཨང་དང་པ་འཐོན་མི་ལུ་ དངུལ་ཀྲམ་༧༥,༠༠༠ དང་ ཨང་༢ པ་ལུ་ དངུལ་ཀྲམ་༣༥,༠༠༠ ཨང་༣ པ་ལུ་ དངུལ་ཀྲམ་༡༥,༠༠༠ བྱིན་ནི་སྦེ་ བཞག་ཡོད་རུང་ མཐའ་བཅད་འགྲན་བསྡུར་འབད་དེ་ ཨང་དང་པ་ལུ་ གསོལ་རས་བྱིནམ་ད་ འགོ་འདྲེན་འཐབ་མི་དེ་གིས་ ད་རུང་ བསྒྱུར་བཅོས་འབད་དེ་ ཨང་དང་པ་ལུ་ དངུལ་ཀྲམ་༡༠༠,༠༠༠ དང་ ཨང་༢ པ་ལུ་ དངུལ་ཀྲམ་༩༣༠༠ གནས་མི་ཁྱེགས་སྒྲོམ་ དེ་ལས་ ཨང་༣ པ་ཐོན་མི་ དངུལ་ཀྲམ་༥,༠༠༠ གནས་མི་ མའི་ཀྲོར་ཝེབ་ཚུ་བྱིན་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ཨང་༤ པ་དང་༥ པ་ དེ་ལས་༦ ཐོན་མི་ཚུ་ལུ་ གོང་ཚད་དངུལ་ཀྲམ་༡༥༠༠ གནས་མིའི་ རའིསི་ཀུ་ཀཱར་རེ་རེ་བྱིན་ནུག་ཟེར་ སྙན་ཞུའི་ནང་ གསལ་སྟོན་འབད་ཡོདཔ་ཨིན་པས།
འགོ་འདྲེན་འཐབ་མི་ ཕུརཔ་རྡོ་རྗེ་དང་ བཅའ་མར་གཏོགས་མི་ཨ་ལུའི་ཕམ་ཚུ་གི་བར་ན་ གསོལ་རས་ཚུ་ བྱིན་ནི་སྦེ་ ནང་གན་བཟོ་མི་དང་ མཐའ་བཅད་འགྲན་བསྡུར་ནང་ འགོ་འདྲེན་པ་གིས་ གསལ་བཤད་འབད་མི་དང་འཁྲིལ་ཏེ་ ཨང་དང་པ་ལུ་ གསོལ་རས་དངུལ་ཀྲམ་༡༠༠,༠༠༠ དང་ ཨང་༢ པ་ལུ་ དངུལ་ཀྲམ་༢༥,༧༠༠ དེ་ལས་ ཨང་༣ པ་ལུ་ དངུལ་ཀྲམ་༨༥༠༠ སྤྲོད་དགོཔ་མ་ཚད་ ལོ་༢ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་མ་ཆོགཔ་སྦེ་ འབྲུག་བརྡ་དོན་རྒྱུན་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ཡིག་ཚང་ལས་ གསལ་བསྒྲགས་འབད་ནུག།
ཨིན་རུང་ ཌཱནསི་ཁོ་རེ་ཌཱནསི་གི་ འགོ་འདྲེན་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲུག་བརྡ་དོན་རྒྱུན་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ཡིག་ཚང་ལས་ གསལ་བསྒྲགས་འབད་མིའི་སྙན་ཞུ་དེ་ སེམས་དང་མ་ལྡནམ་ཅིག་ཨིནམ་ད་  དང་པ་ ལས་རིམ་ལོ་༢ ཀྱི་རིང་ལུ་ འགོ་འདྲེན་འཐབ་མ་ཆོག་པའི་ཁར་ གཉིས་པ་ གསོལ་རས་ཚུ་ ག་དེ་སྦེ་སྤྲོད་དགོཔ་ཨིན་ན་ དེ་ལས་ གསོལ་རས་ཚུ་འབད་རུང་ བཅའ་མར་གཏོགས་མི་ཚུ་གི་ ཕམ་ཚུ་དང་ ནང་གན་བཟོ་བཞག་མི་འཁྲིལ་ཏེ་ བྱིན་ཡོདཔ་བཞིན་དུ་ འབྲུག་བརྡ་དོན་རྒྱུན་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ཡིག་ཚང་གི་ གྲོས་འཆར་ལས་ འགལ་བ་ག་དེ་སྦེ་ སོང་ཡི་ག་ ཧ་གོ་མ་ཚུགས་ཟེར་ཨིན་པས།
ཕུརཔ་རྡོ་རྗེ་གིས་འབད་བ་ཅིན་ གཞན་དལ་གཞི་ ཨང་དང་པ་འཐོན་མི་ལུ་ སྣུམ་འཁོར་ཨེ་ཨེསི་ཊར་སྤྲོད་ནི་སྦེ་ བཞག་ཡོད་རུང་ དངུལ་རྩིས་ལྷན་ཁག་ལས་ གསོལ་རས་སྣུམ་འཁོར་བྱིན་མ་ཆོག་པའི་གསལ་བསྒྲགས་དང་ གཉིས་པ་ ཁོ་ལུ་ རྒྱབ་སྐྱོར་བརྒྱ་ཆ་ལས་༩༠ འབད་མི་དེ་གིས་ མཇུག་ལུ་ལྷོདཔ་ད་ ཆ་རོགས་འབད་མ་བཏུབ་པའི་ཁར་ གསུམ་པ་ གྱོང་རྒུད་དངུལ་ཀྲམ་འབུམ་༥ འབག་སྟེ་ ཏི་རུ་ཕར་དང་ཚུར་ལས་འཚོལ་ཏེ་ བྱིན་ཡི་ཟེར་ཨིན་པས།
འབྲུག་མི་ཡོངས་ལས་ བསྡུ་ལེན་འབད་མི་དངུལ་ཀྲམ་དེ་ཡང་ འབྲུག་བརྒྱུད་འཕྲིན་ལས་ དངུལ་ཀྲམ་འབུམ་༦ བཀྲིས་བརྒྱུད་འཕྲིན་ལས་ དངུལ་ཀྲམ་༩༣,༠༠༠ ཐོབ་ཡོད་མི་ལས་ འབྲུག་རྒྱང་བསྒྲགས་ལུ་ དངུལ་ཀྲམ་འབུམ་༦ ལྷགཔ་ཅིག་གི་འཐུས་ཚུ་ སྤྲོད་ཡོདཔ་མ་ཚད་ བཅའ་མར་གཏོགས་མི་ཚུ་ལུ་ བཟའ་འཐུང་དང་ འགྲོ་འགྲུལ་ གསོལ་རས་ དེ་ལས་ དྲང་དཔོན་ཚུ་ལུ་སྤྲོད་དགོཔ་འབདཝ་ད་ གྱོང་རྒུད་དངུལ་ཀྲམ་འབུམ་༥ འབག་དགོཔ་བྱུང་ཡི་ཟེར་ཨིན་པས།
ཨང་དང་པ་ཐོན་མི་ བསོད་ནམས་དབང་ཕྱུག་གི་ ཨ་པ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ གསོལ་རས་ཚུ་ ཁོ་གིས་ སླབ་མི་དང་འཁྲིལ་ཏེ་ བྱིན་མ་བཏུབ་ལས་ དྲག་ཤོས་ཐོན་མི་ཨ་ལུ་༦ གི་ ཕམ་ཚུ་ སེམས་དང་མ་ལྡནམ་ལས་ འབྲུག་བརྡ་དོན་རྒྱུན་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ཡིག་ཚང་ནང་ སྙན་གསན་ཞུ་ཡི་ཟེར་ཨིནམ་ད་ ད་རེས་ དབང་འཛིན་ལས་ ཁོ་གིས་ ཁྲིམས་འགལ་འབད་མིའི་ ཉེས་ཁྲིམས་བཟུམ་ཅིག་སྦེ་བཀོད་གནང་མི་དང་ ཐོབ་ནི་ཡོད་མི་ཚུ་ཡང་ ཞིབ་དཔྱད་གནང་སྟེ་མཛད་མི་ལུ་ མ་བཏུབ་མེད་ཟེར་ ཨིན་པའི་གནས་ཚུལ།


 
བཀྲིས་ཕུན་ཚོགས།

No comments:

Post a Comment