གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དཔལ་འབྱོར་གནས་སྟངས་ ཨ་རྟག་ཧར་ལུགས་ བཟོ་ནིའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༥.༥ དགོཔ།

༡༣/༡༡/༢༠༡༢    འབྲུག་གི་གསོག་འཇོག་ནང་ ཡུ་ཨེསི་ཌོ་ལར་ས་ཡ་༧༣༦ ཡོད་ས་ལས་ ས་ཡ་༥༠༠ རྩ་ཁྲིམས་ཅན་གྱི་ དགོས་མཁོའི་དོན་ལུ་ བཞག་ཞིནམ་ལས་ ལྷག་ལུས་ཚུ་ རྒྱ་གར་ལུ་བཙོང་སྟེ་ འབྲུག་པའི་དངུལ་ཁང་ཚུ་ནང་ བཙུགས་ནི་ཟེར་ཨིན་པས།

༉ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ འཕྲལ་ཁམས་ཅིག་ཁར་ ཞིབ་འཚོལ་ཅིག་འབད་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ དཔལ་འབྱོར་གྱི་གནས་སྟངས་དེ་ ལོག་ཨ་རྟག་ཧར་ལུགས་ བཟོ་ནིའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༥.༥ དེ་ཅིག་ དངུལ་ཁང་ཚུ་ནང་ བཙུགས་དགོ་པའི་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།


ཞིབ་འཚོལ་འབད་བའི་སྐབས་ལུ་ གནས་སྡུད་ཚུ་ རྒྱལ་ཁབ་ཀྱི་ དངུལ་ཁང་ཚུ་ལས་ བསྡུ་སྒྲིག་འབད་ཡོདཔ་ད་ དེ་ནང་ ད་ལྟོ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལས་འགུལ་དང་ མ་དངུལ་སྤྲོད་མ་ཚུགས་པར་ཡོད་མི་ལས་འགུལ་ དེ་ལས་ ལས་འགུལ་གྱི་གྲོས་འཆར་གསརཔ་ཚུ་ ཚུདཔ་ཨིན་པས།
ཨིན་རུང་ དངུལ་ཁང་ཚུ་གིས་ ངོས་ལེན་མ་འབད་བར་བཞག་མི་ ལས་འགུལ་གྱི་ལས་འཆར་ ལེ་ཤ་ཅིག་ར་ ཡོད་སྲིད་ནི་ཨིནམ་ལས་ དཔལ་འབྱོར་གནས་སྟངས་ སྔར་ག་ཨིནམ་བཟོ་ནིའི་དོན་ལུ་ གཞུང་གིས་ དངུལ་ཁང་ཚུ་ནང་ བཙུགས་དགོ་པའི་དངུལ་བསྡོམས་ དེ་ལས་ཡང་ མངམ་འཐོན་སྲིད་འོང་ཟེར་ ཞིབ་འཚོལ་འགོ་འདྲེན་འཐབ་མི་ ཚོགས་སྡེའི་འགོ་དཔོན་ཚུ་གིས་ སླབ་ཅི།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ ཕུརཔ་ཚེ་རིང་གིས་ སླབ་མིའི་ནང་ གཞུང་གིས་ དངུལ་ཀྲམ་ཡོངས་བསྡོམས་དེ་ དངུལ་ཁང་ཚུ་ནང་ བཙུགས་ཚུགས་པ་ཅིན་ དེ་གིས་ ད་རེས་ བཀག་འཛིན་འབད་མི་ཚུ་ རྩ་མེད་བཟོ་མི་ཚུགས་ནི་ཨིན་རུང་ གཙོ་རིམ་དང་འཁྲིལ་ཏེ་ དཀའ་ངལ་མར་ཕབ་རྐྱབ་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།
འདས་པའི་ རེས་གཟའ་ཉི་མ་ལུ་ སྒེར་སྡེ་དང་ གཞུང་གི་བར་ན་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ གལ་སྲིད་ དངུལ་མ་ལང་པའི་དཀའ་ངལ་ སྦོམ་སྦེ་ར་འབྱུང་པ་ཅིན་ དེ་ལུ་ གཞུང་གིས་ སྣང་མེད་འབད་མ་བཞག་པར་ ཆ་རོགས་འབད་འོང་ཟེར་ གསུངས་ཡོདཔ་ཨིན་པས།
དེ་ཡང་ མ་གཞི་ འབྲུག་གི་གསོག་འཇོག་ནང་ ཡུ་ཨེསི་ཌོ་ལར་ས་ཡ་༧༣༦ ཡོད་ས་ལས་ ས་ཡ་༥༠༠ རྩ་ཁྲིམས་ཅན་གྱི་ དགོས་མཁོའི་དོན་ལུ་ བཞག་ཞིནམ་ལས་ ལྷག་ལུས་ཚུ་ རྒྱ་གར་ལུ་བཙོང་སྟེ་ འབྲུག་པའི་དངུལ་ཁང་ཚུ་ནང་ བཙུགས་ནི་ཟེར་ཨིན་པས།
དེ་ལས་ ཐབས་ལམ་༢ པ་དེ་ རྒྱ་གར་གཞུང་ལས་ རུ་པི་ཐེར་འབུམ་༤ དེ་ཅིག་ བསྐྱིན་འགྲུལ་ལེན་ནི་ཨིན་མི་དེ་ལུ་ཡང་ རྒྱ་གར་གྱི་ ལྷན་རྒྱས་གཞུང་ཚོགས་ཀྱི་ ད་རེས་ཁམས་ གནང་བ་གྲོལ་ཡོདཔ་ལས་ འཕྲལ་མགྱོགས་ར་ འཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ བློན་ཆེན་མཆོག་གིས་ གསུངས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒྱ་གར་གྱི་ལས་སྡེ་དང་ ལས་འཛིན་ཚུ་གིས་ འབྲུག་པའི་ལས་སྡེ་ཚུ་ནང་ མ་ཙ་གཞི་བཙུགས་ འབད་བཅུག་ནི་ཨིནམ་མ་ཚད་ དངུལ་རྩིས་ལྷན་ཁག་གིས་ རྒྱལ་ཁབ་ཀྱི་ བློ་གཏད་མ་དངུལ་སྦེ་ གསོག་འཇོག་འབད་དེ་ཡོད་མི་ དངུལ་ཀྲམ་ཐེར་འབུམ་༡.༥ འབད་མི་དེ་ཡང་ དངུལ་ཁང་ཚུ་བརྒྱུད་དེ་ མི་སེར་ལུ་སྤྲོད་འོང་ཟེར་ བློན་ཆེན་མཆོག་གིས་ གསུངས་ཡོདཔ་ཨིན་པའི་གནས་ཚུལ།


 
ཉི་མ་དབང་འདུས།

No comments:

Post a Comment