གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་རྟེན་ཨར་རྐུན་འབད་མི་ཚུ་ འཚོལ་བའི་བསྒང་ཡོདཔ།

༡༥/༡༡/༢༠༡༢   ༉ བུམ་ཐང་དང་ ཀྲོང་གསར་གྱི་ ཁྲིམས་སྲུང་འགག་པ་ཚུ་གིས་ ཆུ་སྨད་རྒེད་འོག་ སྤྲ་མཁར་གཡུས་ཚན་གྱི་ ལྟག་ལུ་ཡོད་མི་ རྡོར་གདན་ལྷ་ཁང་གི་ ནང་རྟེན་ཨར་རྐུན་འབད་མི་ཚུ་ འཚོལ་བའི་བསྒང་ཡོདཔ་ཨིན་རུང་ ཁྲིམས་སྲུང་འགག་པ་ཚུ་གིས་ དུང་ཆ་ཅིག་ལས་ ལོག་མ་ཐོབ་ཨིན་པས།
བུམ་ཐང་གི་ ཁྲིམས་སྲུང་འགག་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དུས་རབས་༡༧ མཇུག་བསྡུ་ཁམས་ལུ་ བཞེངས་ཡོད་པའི་ ལོ་རྒྱུས་ཡོད་མི་ལྷ་ཁང་དེ་ སྤྲ་མཁར་གཡུས་ཚན་ལས་ རྐང་སྟོང་འབད་འགྱོཝ་ད་ དུས་ཡུན་སྐར་མ་༤༥ དེ་ཅིག་ འགོར་སའི་ས་གནས་ནང་ ཆགས་ཡོད་པའི་ཁར་ མི་ག་ཡང་ སྡོད་མི་མིན་འདུག་ཟེར་ཨིན་པས།



མི་ངན་ཚུ་གིས་ ཐོག་ཚད་གཉིས་འབད་མི་ ལྷ་ཁང་གི་ མ་སྒོ་སྤོག་བཏང་སྟེ་ ནང་ན་འཛུལ་བའི་ཤུལ་ལས་ གྱི་ཅུང་ལག་ལེན་འཐབ་སྟེ་  རིང་ཚད་ཕིཊ་༥ དང་ ཨིན་ཅི་༣ ལྷགཔ་ཅིག་འབད་མི་ སྟོན་པའི་སྐུ་འདྲ་ཅིག་དང་ ཕིཊ་༣ དང་ ཨིན་ཅི་༥ འབད་མི་ སྒྲོལ་མའི་སྐུ་༣ མེདཔ་བཏང་སྟེ་ ནང་རྟེན་ཚུ་ག་ར་ བཏོན་འབག་ནུག་ཟེར་ཨིན་རུང་ ད་ལྟོ་ རྟེན་ག་ཅི་ཡོདཔ་ཨིན་ན་ གི་གིས་ཡང་ མི་ཤེས་དོ་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་གིས་འབད་བ་ཅིན་ བྱུང་རྐྱེན་དེ་ སྤྱི་ཟླ་༡༠ པའི་ཚེས་༢༩ དང་ སྤྱི་ཟླ་༡༡ པའི་ཚེས་༡ དེ་ཅིག་གི་བར་ན་ བྱུང་ཡོདཔ་འོང་ནི་མས་ཟེར་ བཤད་མི་དེ་ཡང་ དེ་བསྒང་ ལྷ་ཁང་གི་ དཀོན་གཉེར་སྦེ་སྡོད་མི་ ཉི་མ་ལུང་གྲྭ་ཚང་གི་ དགེ་སློང་༢ ཡང་ མ་སྡོད་པས་ཟེར་ཨིན་པས།
རྐྱེན་ངན་དེ་གི་སྐོར་ལས་ ཤེས་རྟོགས་དེ་ཡང་ ལྷ་ཁང་གི་ཉེ་འདབས་ལུ་ སྤྲ་མཁར་གཡུས་ཚན་ལས་ ཨང་རྒས་ཅིག་ མ་ནི་བགྱང་སྡོད་མི་དེ་ མོ་ར་སྡོད་སའི་ ཁྱིམ་བལྟ་བར་སོང་སྟེ་ ལྷ་ཁང་ནང་ དཀར་མེ་ཕུལ་བར་འོངམ་ད་ སྐུ་ཚུ་ག་ར་ མེདཔ་བཏང་ཡོདཔ་མཐོང་ཡོད་རུང་ ག་གིས་ཡང་ བུམ་ཐང་ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་མ་འབད་ནུག།
གནད་དོན་དེ་གི་སྐོར་ལས་ བུམ་ཐང་གི་ཁྲིམས་སྲུང་འགག་པ་ལུ་ ཁ་ཉིནམ་ སྤྱི་ཚེས་༡༢ ལུ་ ཐིམ་ཕུ་ལས་ སྙན་ཞུ་འབད་བའི་ཤུལ་ལས་ ཁ་ཙ་ ཞིབ་དཔྱད་འབད་ཡོད་རུང་ དུང་མཐོང་མི་ མི་དེ་གིས་ཡང་ ག་ལུ་ཡང་ སྙན་ཞུ་མ་འབདཝ་ཨིན་པས།
རྐྱེན་ངན་དེ་གི་སྐོར་ལས་ ཤེས་རྟོགས་ཡོད་མི་ཚུ་གིས་ དོགས་ཅན་ཚུ་ འཛིན་བཟུང་འབད་ཚུགས་པའི་ གྲོགས་རམ་འབད་མི་ཚུ་ལུ་ དགའ་ཚོར་སྦེ་ དངུལ་ཀྲམ་༥,༠༠༠ བྱིན་ནི་གི་ གསལ་བསྒྲགས་འབད་ཡོདཔ་ད་ སྙན་ཞུ་འབད་མི་དེ་ ཁྲིམས་སྲུང་འགག་པ་གིས་ གསང་བ་སྦེ་བཞག་ནི་ཟེར་ ཀྲོང་གསར་གྱི་ ཁྲིམས་སྲུང་འགག་པ་བཤད་ཅི།
རྐྱེན་ངན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོད་པའི་གནས་ཚུལ།


བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment