ཁོ་གིས་ སྐེ་རགས་ནགཔོ་གི་སྡེ་རིམ་གྱི་ མཐའ་བཅད་འོག་མའི་ནང་ ཨསི་ཊེ་ལི་ཡ་ལས་ སྐུགས་༧ གྱིས་ མཐོ་སུ་ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ད་ མཐའ་བཅད་འགྲན་བསྡུར་ནང་ ཀེ་ན་ཌའི་རྩེད་འགྲན་པ་ལས་ སྐུགས་༡ མཐོ་སུ་ཐོབ་སྟེ་ རྒྱལ་ཁ་ཐོབ་ཐོབ་ཡོདཔ་ཨིན་པས།
སུ་ཛུ་ཀི་རྒྱལ་སྤྱི་ ཀ་ར་ཏི་འགྲན་བསྡུར་ནང་ ད་རུང་རྩེད་འགྲན་ལས་རིམ་གཞན་མི་ སྐྱེས་ལོ་༡༩ ལས་༤༩ གི་བར་ན་འབད་མི་ཚུ་གི་དོན་ལུ་ འགོ་འདྲེན་འཐབ་མིའི་ནང་ ཨོ་རྒྱན་དབང་ཕྱུག་གིས་ མཐའ་བཅད་འོག་མ་ནང་ ལྷོད་ནི་ལུ་ ཇ་པཱན་དང་གཅིག་ཁར་ རྩེད་འགྲན་འབད་ཝ་ད་ ཕམ་སོཔ་ལས་ མཐའ་བཅད་འོག་མའི་ནང་ མ་ལྷོདཔ་ཨིན་པས།
ཁོ་གིས་ ཡོངས་འབྲེལ་ཐོག་ལས་ ཀུན་གསལ་ལུ་བཤད་མིའི་ནང་ འབྲུག་གིས་ ཀ་ར་ཏི་རྩེད་འགྲན་གྱི་དོན་ལུ་ རྒྱལ་སྤྱིའི་གནས་ཚད་ནང་ འབྲེལ་གཏོགས་འབད་མི་དེ་ འགོ་དང་པ་ཨིན་པའི་ཁར་ གོ་སྐབས་དེ་ནང་ ཉམས་མྱོང་དང་ རིག་རྩལ་གསརཔ་ལེ་ཤ་ར་ ཐོབ་ཅི་ཟེར་ཨིན་པས།
ཁོ་གིས་ ད་རུང་ རྒྱལ་ཁབ་འཐུས་མི་ཚུ་གི་ ཀ་ར་ཏི་གཙོ་འཛིན་ཚུ་གི་ གྲོས་བསྡུར་ཞལ་འཛོམས་ནང་ཡང་ འབྲུག་གི་ངོ་ཚབ་སྦེ་ འབྲེལ་གཏོགས་འབད་དེ་ འབྲེལ་ཡོད་སྙན་ཞུ་ཚུ་ གསལ་བཀོདའབད་ཡོདཔ་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འཐུས་མི་རྒྱལ་ཁབ་ཚུ་གིས་ རྒྱལ་སྤྱིའི་ཀ་ར་ཏི་ མཁས་དབང་ཚུ་གིས་ འཐུས་མི་རྒྱལ་ཁབ་ཚུ་ནང་ ལྟ་སྐོར་ལུ་འོང་དགོ་པའི་ བརྡ་བསྐུལ་འབད་ཡོདཔ་ད་ མཁས་དབང་ཚུ་གིས་ འཐུས་མི་རྒྱལ་ཁབ་ཚུ་ནང་ ཀ་ར་ཏི་རྩེད་རིག་དེ་ དུས་མཐུན་གོང་འཕེལ་གཏང་ནི་ལུ་ རྒྱབ་སྐྱོར་འབད་དགོ་པའི་ ཞུ་བསྐུལ་ཚུ་ཡང་ འབད་ཡི་ཟེར་ཨིན་པས།
རྒྱལ་སྤྱི་ ཀ་ར་ཏི་གཙོ་འཛིན་གྱི་ ཡོངས་ཁྱབ་ཞལ་འཛོམས་ཐེངས་༢ པ་དེ་ སང་ཕོད་ སྤྱི་ཟླ་༡༡ པའི་ཚེས་༢༣ ལུ་ ཇ་པཱན་གྱི་རྒྱལ་ས་ ཊོ་ཀི་ཡོ་ལུ་ འགོ་འདྲེན་འཐབ་ནི་གི་གཏན་འཁེལ་ བཟོ་ཡི་ཟེར་ཨིནམ་ད་ ད་རེས་ འབྲུག་གི་ངོ་ཚབ་སྦེ་ རྒྱལ་སྤྱིའི་ ཀ་ར་ཏི་གྲོས་ཚོགས་ནང་ འབྲེལ་གཏོགས་འབད་མི་གིས་ མ་འོངས་རྒྱལ་སྤྱིའི་གནས་ཚད་ཅན་གྱི་ ཀ་ར་ཏི་རྩེད་འགྲན་ལས་རིམ་ཚུ་ནང་ འཕྲོ་མཐུད་འབྲེལ་གཏོགས་ཀྱི་ གོ་སྐབས་ རྒྱ་བསྐྱེད་ འབད་ཚུགས་ཅི་ཟེར་ བཤདཔ་ཨིན་པས།
ཨོ་རྒྱན་དབང་ཕྱུག་གིས་ ནངས་ཊོ་ཀི་ཡོ་ལུ་ སྐེ་རགས་ནགཔོ་གི་གནས་རིམ་༤ པའི་ རིག་རྩལ་མཁས་དབང་གི་དོན་ལུ་ ཆོས་རྒྱུགས་ཕུལ་ནི་ཨིན་པའི་ཁར་ ཁོ་གིས་ཐོབ་མི་ ཉམས་མྱོང་དང་རིག་རྩལ་ཚུ་ལུ་བརྟེན་ འབྲུག་ཀ་ར་ཏི་ཚོགས་པའི་ ན་གཞོན་འཐུས་མི་ཚུ་ལུ་ སློབ་སྟོན་རྒྱ་བསྐྱེད་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཁ་ཙ་ མཇུག་བསྡུ་མི་ སུ་ཛུ་ཀི་འཛམ་གླིང་ ཀ་ར་ཏི་རྩེད་འགྲན་ལས་རིམ་དེ་ནང་ ཨསི་ཊེ་ལི་ཡ་དང་ ཨིང་ལེནཌི་ ནེ་པཱལ་དང་ ཤྲི་ལངྐ་ འབྲུག་ ཨར་ཇེན་ཊི་ན་ ཀེ་ན་ཌ་ཚུ་ནང་ལས་ འཐུས་མི་༥༠༠ ལྷགཔ་ཅིག་ གིས་ བཅའ་མར་གཏོགས་ཡོདཔ་ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment