གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆར་ཆུ་བསྡུ་གསོག་གིས་ ཆུའི་དཀའ་ངལ་སེལ་ཡོདཔ།

༢༦/༡༡/༢༠༡༢   ༉ ལོ་༨ དེ་ཅིག་གི་ཧེ་མར་ པདྨ་དགའ་ཚལ་དགོན་པ་སིང་མ་འབྲིང་རིམ་སློབ་གྲྭའི་ ཕྱི་སྡོད་སློབ་ཕྲུག་ཚུ་ དྲོ་པ་སློབ་གྲྭ་ནང་འགྱོཝ་ད་ སློབ་དེབ་རྐྱངམ་གཅིག་མིན་པར་ སློབ་ཕྲུག་རེ་གིས་ འཐུང་ཆུ་ལི་ཊར་༥ རེ་ འབག་དགོཔ་ཨིན་པས།


སློབ་ཕྲུག་ཚུ་གིས་ ཆུ་ལི་ཊར་༥ རེ་འབག་མི་དེ་ སློབ་གྲྭའི་ཐབ་ཚང་ནང་ ནང་སྡོད་དང་ ཕྱི་སྡོད་སློབ་ཕྲུག་ཚུ་གི་ ཉིན་མའི་བཞེས་སྒོ་འབད་ནིའི་དོན་ལུ་ ལག་ལེན་འཐབ་ཡོདཔ་ཨིན་པས།
སློབ་ཕྲུག་ཚུ་ལུ་ དྲོ་པ་ཨ་རྟག་ར་ ཁྱིམ་ནང་ལས་ སློབ་གྲྭ་ནང་འོངམ་ད་ ཆུ་འབག་འོང་དགོཔ་སྦེ་ སླབ་མི་དེ་ཡང་ དགོན་པ་སིང་མ་ལུ་ འཐུང་ཆུ་གཏོན་ནི་གི་ ཆུ་རྐ་མེདཔ་ལས་ འཐུང་ཆུའི་དཀའ་ངལ་སྦོམ་ཡོད་མི་ལུ་བརྟེན་ཨིནམ་ད་ མ་གཞི་ སློབ་གྲྭ་གིས་ ཆུ་རྐ་ཅིག་ལས་ ཆུ་འཐེན་ཡོད་རུང་ དེ་གིས་ ལང་མ་ཚུགསཔ་ཨིན་པས།
བཟོ་སྦལ་རྒེད་འོག་ནང་ཡོད་མི་ དགོན་པ་སིང་མ་སློབ་གྲྭ་དེ་ པདྨ་དགའ་ཚལ་ཁྲོམ་ལས་ ཀི་ལོ་མི་ཊར་༢༠ དེ་ཅིག་གི་ས་ཁར་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༦ ལུ་ སློབ་གྲྭའི་དབུ་འཛིན་གསརཔ་ལྷོད་མི་དེ་གིས་ ཆུ་དུང་གསརཔ་བཙུགས་ཏེ་ ཆུ་ཡང་ལམ་སོ་སོ་ལས་བཏོན་ཡོད་རུང་ ཆུའི་དཀའ་ངལ་དེ་ བསལ་མ་ཚུགསཔ་ལས་ དུས་ཡུན་ཟླཝ་༣ དང་༤ དེ་ཅིག་གི་རིང་ སྣུམ་འཁོར་བེན་ཅིག་གིས་ འཐུང་ཆུ་སྐྱེལ་འདྲེན་འབད་ཡོདཔ་ད་ སློབ་གྲྭ་གིས་ ཆུ་སྐྱེལ་འདྲེན་འབད་ནིའི་དོན་ལུ་ སློབ་གྲྭའི་སྐྱེལ་འདྲེན་མ་དངུལ་ལས་ དངུལ་ཀྲམ་༡༠,༠༠༠ ལོགས་སུ་སྦེ་ བཞག་ཅི་ཟེར་ དབུ་འཛིན་སུ་རེན་ པར་དཱན་གྱིས་ སླབ་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༠༨ ལུ་ སློབ་གྲྭ་གིས་ གསོ་བའི་ལྷན་ཁག་ མི་མང་འཕྲོད་བསྟེན་སྡེ་ཚན་ལུ་ སྙན་ཞུ་འབད་བའི་ཤུལ་ལུ་ ཡུ་ནི་སེཕ་ལས་ འཐུང་ཆུ་བཀྲམ་སྤེལ་གྱི་དོན་ལུ་ མ་དངུལ་ས་ཡ་༠.༥ ཐོབ་མི་དང་བསྟུན་ ཆུ་དུང་ཚུ་ག་ར་སོར་ཡོདཔ་མ་ཚད་ ཆུ་ཤོང་ཚད་ལི་ཊར་༡,༠༠༠ རེ་ཡོད་མི་ འཐུང་ཆུའི་ཆུ་མཛོད་༦ དང་ ལི་ཊར་༥༠༠ རེ་ཤོང་མི་ ཆུ་མཛོད་༢ དང་ ལི་ཊར་༢༠༠ རེ་འབད་མི་ ཆུ་མཛོད་༢ ཉོ་ཞིནམ་ལས་ ཆར་ཆུ་བསྡུ་གསོག་འབད་ནི་ འགོ་བཙུགས་ནུག།
ཆུ་མཛོད་ཚུ་ནང་ ཆར་ཆུ་བསྡུ་གསོག་འབད་མི་ཚུ་ སློབ་ཕྲུག་ཚུ་གི་ གོ་ལ་འཁྱུ་ནི་དང་ གཟུགས་འཁྱུ་ནིའི་དོན་ལུ་ ལག་ལེན་འཐབ་མ་ཚད་ ཆུ་རྐ་ལས་འཐེན་མི་ཆུ་དེ་ བཞེས་སྒོ་འབད་ནི་དང་ འཐུང་ཆུའི་དོན་ལུ་ ལག་ལེན་འཐབ་དོ་ཟེར་ དབུ་འཛིན་སུ་རེན་པར་དཱན་གྱིས་ སླབ་ཨིན་པས།
ང་བཅས་ཀྱིས་ ཆརཔ་རྐྱབ་ད་ ཆུ་བསྡུ་གསོག་འབད་ནི་ འགོ་བཙུགས་ཞིནམ་ལས་ཚུར་ འཐུང་ཆུའི་དཀའ་ངལ་མ་བྱུང་ཟེར་ དབུ་འཛིན་གྱིས་ སླབ་ཡོདཔ་ད་ ད་རེས་ནངས་པ་ སློབ་གྲྭ་གིས་ ཆུ་ལི་ཊར་༡༠,༠༠༠ རེ་ཤོང་ཚད་ཡོད་མི་ རྩི་སའི་ཆུ་མཛོད་༢ རྐྱབ་ཡོདཔ་མ་ཚད་ ལི་ཊར་༡༡,༠༠༠ ཤོང་ཚད་ཡོད་མི་ རྩི་སའི་ཆུ་མཛོད་༡ དང་ ལི་ཊར་༧,༠༠༠ དེ་ཅིག་ ཤོང་ཚད་ཡོད་མི་ ཆུ་མཛོད་༡༠ དེ་ཅིག་ རྐྱབ་ཡོདཔ་ཨིན་པས།
དགོན་པ་སིང་མ་སློབ་གྲྭ་ནང་ སློབ་ཕྲུག་བསྡོམས་༣༧༢ ཡོད་མི་ལས་ ནང་སྡོད་སློབ་ཕྲུག་༢༢༠ ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment