གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མེ་རྐྱེན་ཁག་༢ བྱུང་མི་དེ་གིས་ ནགས་ཚལ་ཨེ་ཀར་༧ ལྷགཔ་ཅིག་འཚིགས་ཡོདཔ།

༡༩/༡༡/༢༠༡༢ ༉ ཁ་ཙ་ ཐིམ་ཕུ་རྟ་མགྲིན་གནས་ཀྱི་མཇུག་ལུ་ ནགས་ཚལ་མེ་རྐྱེན་ཤོར་ཏེ་ ནགས་ཚལ་ཨེ་ཀར་༡ ལྷགཔ་ཅིག་ འཚིགས་ཡོད་མི་དེ་ དུས་ཚོད་འདི་ནང་ ཐིམ་ཕུ་རྫོང་ཁག་ནང་ ཐེངས་༢ པ་ཨིནམ་ད་ སྤྱི་ཟླ་༡༡ པའི་ཚེས་༡༧ ལུ་ ཐིམ་ཕུ་སྡེབ་སི་ལུ་ ནགས་ཚལ་མེ་རྐྱེན་ཤོར་མི་དེ་གིས་ ནགས་ཚལ་ཨེ་ཀར་བསྡོམས་༦ ལྷགཔ་ཅིག་ འཚིགས་ཡོདཔ་ཨིན་པས།
ཐིམ་ཕུ་ རྟ་མགྲིན་གནས་ཀྱི་མཇུག་ལས་ ནགས་མེ་ཤོར་བའི་བསྒང་།


དེ་ཡང་ ཐིམ་ཕུ་རྫོང་ཁག་གི་ ནགས་ཚལ་འགོ་དཔོན་ རྒྱལ་མཚན་གྱིས་ སླབ་མི་དང་འཁྲིལཝ་ད་ དབྱངས་ཅན་ཕུག་གི་ལྟག་ལུ་ ནགས་མེ་བྱུང་མི་དེ་ ཞིབ་དཔྱད་འབདཝ་ད་ རྟ་མགྲིན་གནས་ལུ་འགྱོ་སའི་ ལམ་གྱི་སྦུག་ལུ་ གློག་མེའི་ཀཝ་ཡོད་མི་ གློག་ཐག་ བརྒྱུད་དེ་ བྱུང་ནུག་ཟེར་ཨིན་པས།
མེ་རྐྱེན་དེ་ ཉིན་མའི་ཆུ་ཚོད་༡ དང་སྐར་མ་༡༥ དེ་ཅིག་ལུ་ བྱུང་ཡོད་རུང་ ཆུ་ཚོད་༡ གི་རྒྱབ་ལས་ ནགས་མེ་སྦོམ་འགྱོ་ནི་ལས་བཀག་ཚུགས་ཅི་ཟེར་ཨིནམ་ད་ དེ་ཡང་ ཁྲིམས་སྲུང་འགག་པ་དང་ སྐུ་སྲུང་དམག་མི་ བསྟན་སྲུང་དམག་མི་ བདེ་སྲུངཔ་ དེ་ལས་ ཁས་བླངས་པ་ཚུ་གིས་ མཉམ་རུབ་ཐོག་ལས་ བསད་ཚུགས་ཅི་ཟེར་ཨིན་པས།
དེ་བཟུམ་སྦེ་ འདས་པའི་བདུན་ཕྲག་གི་ རེས་གཟའ་ཉི་མ་ལུ་ ཐིམ་ཕུ་སྡེབ་སི་ལུ་ མེ་རྐྱེན་ཤོར་མི་དེ་གིས་ ནགས་ཚལ་ཨེ་ཀར་༤༠ ལྷགཔ་ཅིག་ འཚིགས་ཡོདཔ་ད་ ནགས་མེ་དེ་ ཉིན་མའི་ཆུ་ཚོད་༢ དེ་ཅིག་ཁར་ བྱུང་ཡོདཔ་ད་ ནགས་ཚལ་འགོ་དཔོན་ཚུ་གིས་ ས་གནས་ཀྱི་མི་ཚུ་ལུ་ དྲི་དཔྱད་འབདཝ་ད་ ཁ་བཟེད་མི་བཏུབ་ཟེར་ཨིན་པས།
མེ་རྐྱེན་དེ་ ཕྱི་རུའི་ཆུ་ཚོད་༥ དེ་ཅིག་ཁར་ བསད་ཚུགས་ཡོདཔ་ད་ དེ་ཡང་ ཁྲིམས་སྲུང་འགག་པ་དང་ བསྟན་སྲུང་དམག་མི་ སྐུ་སྲུང་དམག་མི་ བདེ་སྲུངཔ་ དེ་ལས་ ལྕང་རྒེད་འོག་ལས་ ཁས་བླངས་པ་ཚུ་གིས་ མཉམ་རུབ་ཐོག་ལས་ བསད་ཚུགས་ཅི་ཟེར་ ནགས་ཚལ་འགོ་དཔོན་ཚུ་གིས་ བཤད་ཅི།
འབྲུག་རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ ནགས་ཚལ་ཨེ་ཀར་༩,༠༠༠ དེ་ཅིག་ མེ་རྐྱེན་ཚུ་ནང་ འཚིགས་དོ་ཡོདཔ་ད་ མེ་རྐྱེན་ཚུ་ཡང་ མང་ཤོས་ར་ གནམ་དགུན་གྱི་དུས་ཚོད་ལུ་ བྱུང་མི་དེ་ཡང་ གཙོ་བོ་ར་ ཞིང་ནང་ སྣང་མེད་ཀྱི་སྒོ་ལས་ རྩྭ་དང་རག་རོག་ཚུ་ མེ་བཏང་པའི་སྐབས་ལུ་དང་ ཨ་ལུ་ཚུ་ མེ་རྩེདམོ་རྩེཝ་ད་ བྱུང་དོ་ཡོདཔ་ཨིན་རུང་ ལ་ལུ་ཅིག་གིས་ ལཱ་ཁག་སྦེ་ བཏང་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ནགས་ཚལ་མེ་རྐྱེན་ཚུ་བྱུངམ་ད་ མི་དང་སེམས་ཅན་གྱི་ ཚེ་སྲོག་ལུ་ ཉེན་ཁ་བྱུང་དོ་ཡོད་པའི་ཁར་ རང་བཞིན་གནས་སྟངས་སྲུང་སྐྱོབ་འབད་ནི་ལུ་ཡང་ དཀའ་ངལ་བྱུང་དོ་ཡོདཔ་ད་ ནགས་མེ་ཚུ་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ཡར་དྲག་གཏང་ནི་ལུ་ ཐོ་སྦོམ་འབད་ར་ ཕོག་དོ་ཡོདཔ་ཨིན་པས།
དེ་འབདཝ་ལས་ ནགས་ཚལ་ཁྲིམས་ལུགས་ནང་ མི་ངོམ་ཚུ་གིས་ འགན་ཁག་འབག་དགོཔ་ཨིནམ་ད་ ནགས་ཚལ་མེ་སྤར་མི་དང་ མེ་རྐྱེན་ཤོར་མི་ནང་ འབྲེལ་བ་ཡོད་མི་ཚུ་ལུ་ ཡངས་ཆག་མེད་པར་ ཉེས་ཁྲིམས་དམ་དམ་ བཀལ་ནི་ཨིནམ་ལས་ གནམ་སྐམ་པའི་ དུས་ཚོད་འ་ནེམ་ཅིག་ཁར་ འབྲུག་མི་ཡོངས་ཀྱིས་ ག་དེ་དྲག་དྲག་ མེ་བདག་འཛིན་འཐབ་དགོཔ་ཁག་ཆེ་ཟེར་ ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment