གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གུ་རམ་གྱི་ནད་གཞི་ མགྱོགས་དྲགས་སྦེ་ ཡར་སེང་འགྱོ་དོ་ཡོདཔ།

༡༤/༡༡/༢༠༡༢    ༉ འཛམ་གླིང་ནང་ གུ་རམ་གྱི་ནད་གཞི་ ཌའི་བེ་ཊིསི་ཐོབ་མིའི་གྱངས་ཁ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་མི་དང་བསྟུན་ འབྲུག་ལུ་ཡང་ དཀའ་ངལ་དེ་ མགྱོགས་དྲགས་སྦེ་ར་ ཡར་འཕར་འགྱོ་དོ་ཡོདཔ་ཨིན་པས།


དེ་ཡང་ ཧེ་མ་འབད་བ་ཅིན་ འབྲུག་མི་མང་ཤོས་ར་ སོ་ནམ་ཞིང་པ་འབད་ནི་དེ་གིས་ ལམ་འགྱོ་དགོཔ་ལས་ ལུས་སྦྱོང་ཐོབ་སྟེ་ ནད་གཞི་དེ་གི་ དཀའ་ངལ་མ་བྱུང་རུང་ ད་རེས་ རྒྱལ་ཁབ་ནང་ མི་ཚེའི་གནས་སྟངས་དང་ བཞེས་སྒོ་ཚུ་ བསྒྱུར་བཅོས་འགྱོ་མི་ལུ་བརྟེན་ བྱ་སྟབས་མ་བདེཝ་ ཐོནམ་ཨིན་མས་ཟེར་ གསོ་བའི་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
དེ་དང་འཁྲིལ་ ད་རིས་ འཛམ་གླིང་གུ་རམ་གྱི་ ནད་གཞིའི་ཉིནམ་ བརྩི་སྲུང་འབད་ནི་ཨིནམ་བཞིན་དུ་ ཁ་ཙ་ ཐིམ་ཕུ་རྒྱལ་གཞུང་གསོ་བའི་ཚན་རིག་སློབ་སྦྱོང་སྤེལ་ཁང་དང་ འབྲུག་མཁལ་རྡོག་གཞི་བཙུགས་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ ལམ་འགྲུལ་ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ཅི།
དེ་བསྒང་ བཅའ་མར་གཏོགས་མི་ཚུ་གིས་ གསོ་བའི་ཚན་རིག་སློབ་སྦྱོང་སྤེལ་ཁང་གི་ ས་ཁོངས་ལས་འགོ་བཙུགས་ཏེ་ ཐིམ་ཕུ་ཁྲོམ་དང་ ཆུ་བར་ཆུའི་ས་གནས་ཚུ་ནང་ ལམ་འགྲུལ་འབད་ཡོདཔ་ད་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ལམ་འགྲུལ་ལས་རིམ་དེ་ ཉིནམ་༡ གི་ཧེ་མར་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ ཉིནམ་དེ་ རྐང་འགྲུལ་པའི་ཉིནམ་འབདཝ་ལས་ འགྲུལ་འཁོར་ཚུ་ཡང་ ལེ་ཤ་མེད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ཐིམ་ཕུ་གསོ་བའི་ཚན་རིག་སྤེལ་ཁང་གི་མདོ་ཆེན་ ཌོག་ཊར་ བཙན་སྐྱོགས་རྡོ་རྗེ་གིས་འབད་བ་ཅིན་ འཛམ་གླིང་རྒྱལ་ཁབ་ཆ་མཉམ་ནང་ འཛམ་གླིང་ཌའི་པེ་ཊིསི་གི་ཉིནམ་ བརྩི་སྲུང་འབད་བའི་སྐབས་ལུ་ ལམ་འགྲུལ་ལས་རིམ་ འགོ་འདྲེན་འཐབ་ནི་དེ་ ཁག་ཆེ་དྲགས་ཅིག་སྦེ་ བརྩི་འཇོག་འབདཝ་ཨིན་ཟེར་ སླབ་ཨིན་པས།
དེ་ཡང་ ལམ་འགྱོ་བ་ཅིན་ གཟུགས་ཀྱི་ལྗིད་ཚད་ ཚད་ལྡན་བཞག་ཐོག་ལས་ གུ་རམ་གྱི་ནད་གཞི་ བཀག་ཐབས་འབད་ནི་དང་ དེ་ལུ་ སྨན་བཅོས་བཟུམ་ཅིག་ཡང་ཨིན་ཟེར་ མདོ་ཆེན་གྱིས་ སླབ་ཨིན་པས།
ཌའི་བེ་ཊིསི་ནད་གཞི་ལུ་ རིགས་དང་པ་དང་ གཉིས་པ་ཟེར་ དབྱེ་ཁག་༢ ཡོདཔ་ལས་ རིགས་དང་པ་དེ་ ཨ་ལུ་ཚུ་ སྐྱེས་བའི་བསྒང་ལས་ར་ ཐོབ་དོ་ཡོདཔ་ད་ རིགས་གཞན་མི་དེ་ མང་ཤོས་ཅིག་ར་ སྐྱེས་ལོ་༤༠ ལྷག་མི་ཚུ་གིས་ ཐོབ་ཨིན་པས།
སྤྱི་ལོ་༢༠༠༦ ལུ་ མཁལ་རྡོག་སོར་ཏེ་ བཙུགས་དགོཔ་ཐོན་མི་ འབྲུག་མཁལ་རྡོག་གཞི་བཙུགས་ཀྱི་ བཀོད་ཁྱབ་མདོ་ཆེན་ བཀྲིས་རྣམ་རྒྱལ་གྱིས་འབད་བ་ཅིན་ ནད་གཞི་དེ་ལུ་བརྟེན་ མཁལ་རྡོག་ཚུ་ མེདཔ་ཐལ་དོ་ཡོདཔ་ལས་ མི་ཚུ་གིས་ གསོ་བའི་བརྟག་དཔྱད་ཚུ་ དུས་ཚོད་ཁར་འབད་དགོཔ་དེ་ ཁག་ཆེ་བས་ཟེར་ཨིན་པས།
ཁོ་གིས་ ཉམས་མྱོང་ཚུ་གི་སྐོར་ལས་ སླབ་མིའི་ནང་ མཁལ་རྡོག་མེདཔ་ཐལ་བའི་བསྒང་ལས་ མི་ཚུ་གིས་ཡང་ ཉེ་རིང་ཕྱེ་བའི་ གནད་དོན་ཚུ་བྱུངམ་མ་ཚད་ ཁྲག་རིགས་གཅིག་རུང་ རང་སོའི་ ཕམ་སྤུན་ཆ་ཚུ་གིས་ཡང་ མཁལ་རྡོག་བྱིན་མ་བཏུབ་པའི་ གནད་དོན་ཚུ་ཡང་ ལེ་ཤ་མཐོང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གུ་རམ་གྱི་ནད་གཞི་དེ་ ཐོབ་ཚར་བའི་ཤུལ་ལུ་ ལེགས་ཤོམ་སྦེ་ འཛིན་སྐྱོང་དང་ སྨན་བཅོས་མ་འབད་བ་ཅིན་ ཡང་ཅིན་ ནདཔ་དེ་གི་ མིག་ཏོ་ཞརཝ་ཐལ་ནི་དང་ ཡང་ཅིན་ མཁལ་རྡོག་མེདཔ་ཐལ་ནི་ དེ་ལས་ དོན་ཧིང་གི་ ནད་གཞི་ཚུ་ཡང་ འཐོབ་ནིའི་ཉེན་ཁ་ ཡོད་ཟེར་ཨིན་པས།
ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ གཅིག་གིས་གཅིག་ལུ་ མ་འབུ་བའི་ ནད་རིགས་གྲོས་སྟོན་པ་ ཌོག་ཊར་བཀྲིས་དབང་འདུས་ཀྱིས་ སླབ་མིའི་ནང་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བདུན་ཕྲག་རེ་ལུ་ མི་གྲངས་༡༦༠ དེ་རེ་ལུ་ ནད་གཞི་དེ་ ཐོབ་ཡོདཔ་སྦེ་ ངོས་འཛིན་བྱུང་དོ་ཡོདཔ་ལས་ ད་རེས་ནངས་པ་ ནད་གཞི་དེ་ དར་ཁྱབ་སྦོམ་སྦེ་ར་ འགྱོཝ་མས་ཟེར་ཨིན་པས།
ཨིན་རུང་ རྒྱལ་ཁབ་ནང་ ནད་གཞི་དེ་ཐོབ་མི་ མི་གྲངས་ག་དེམ་ཅིག་ ཡོདཔ་ཨིན་ནའི་སྐོར་ལས་ སྤྱི་ལོ་༢༠༡༣ ལུ་ ཞིབ་འཚོལ་འབད་འོང་ཟེར་ ཌོག་ཊར་ བཀྲིས་རྡོ་རྗེ་གིས་ སླབ་ཨིན་པས།
ཉིནམ་བརྩི་སྲུང་དང་འབྲེལ་ ད་རིས་ ཐིམ་ཕུ་ ཆུད་ཚོད་འཁོར་ལོ་ ཀ་ཆེན་གྱི་ས་ཁོངས་ནང་སྦེ་ གསོ་བའི་མཁས་མཆོག་ཚུ་གིས་  མི་མང་ལུ་ གསོ་བའི་བརྟག་དཔྱད་ཀྱི་ ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་ནི་ཨིན་པས།
དེ་སྦེ་ བརྟག་དཔྱད་ཀྱི་ལས་རིམ་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ ནད་གཞི་དེ་ཟུན་ཏེ་ ལོ་༥ དེ་ཅིག་གི་རིང་ རྟགས་མཚན་ག་ཅི་ཡང་ མི་བྱུང་དོ་ཡོདཔ་ལས་ ཧེ་མ་ལས་ བརྟག་དཔྱད་འབད་དགོཔ་ ཁག་ཆེ་ནི་དེ་གིས་ ཨིན་ཟེར་བའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment