གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཡུན་ཚང་མི་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ པ་ཝཱན་ཀེ་བར་མ་དང་གཅིག་ཁར་ དྲི་བ་དྲིས་ལན།

༡༩/༡༡/༢༠༡༢   ༉ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་དང་ ཡོངས་གྲགས་ཅན་གྱི་ རྩོམ་སྒྲིག་མཁས་མཆོག་ཅིག་ཨིན་མི་ པ་ཝཱན་ཀེ་བར་མ་གིས་ དུས་ཅི་གི་ ལོ་མཇུག་བསྡུཝ་ད་ འབྲུག་ལས་ གནས་ཡུན་མ་ཚངམ་ལས་ར་ དགོངས་ཞུ་ཐོག་འགྱོ་ནི་ཨིན་པས།
པ་ཝཱན་ཀེ་བར་མ་གིས་ འབྲུག་ལུ་ ལོ་༤ རྒྱ་གར་གྱི་གཞུང་ཚབ་སྦེ་སྡོད་པའི་ཤུལ་ལུ་ ད་རེས་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་དེ་ སྲིད་དོན་ནང་འབྲེལ་གཏོགས་འབད་ནི་གི་ འོས་འབབ་ཡོདཔ་ད་ གཞུང་ཚབ་ཀྱིས་ འབྲུག་ལུ་སྡོད་པའི་རིང་ གནད་དོན་ཁག་མ་འདྲཝ་ཚུ་ནང་ ཉམས་མྱོང་བྱུང་མི་ཚུ་ ཀུན་གསལ་ལུ་ བརྗེ་སོར་འབདཝ་ཨིན་པས།

གཞུང་ཚབ་ པ་ཝཱན་ཀེ་བར་མ།


ཁོ་གིས་ སླབ་མིའི་ནང་ ཞིང་ཁམས་འདི་ནང་ལས་འགྱོཝ་ད་ སེམས་ཁར་གཙོ་བོ་ར་ རྒྱལ་ཁབ་འདི་ནང་ རྒྱ་འབྲུག་མཐུན་འབྲེལ་གྱི་དོན་ལུ་ དོན་སྨིན་ཅན་གྱི་ བརྩོན་ཤུགས་བསྐྱེད་ནིའི་གོ་སྐབས་ཐོབ་མི་དེ་ལུ་ ངལ་རངས་དང་ཡིད་ཆེས་ དགའ་སྤྲོ་སྦོམ་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་ འབྲུག་གཞུང་དང་ མི་སེར་ཚུ་དང་གཅིག་ཁར་ མཐུན་འབྲེལ་དམ་ཟབ་བཟོ་ཡོདཔ་བཞིན་དུ་ ཁོ་གི་སྡོད་གནས་དེ་ འབྲུག་ལས་ དུས་ཡུན་ཆུ་ཚོད་༢ ཀྱི་ས་ཁར་ཨིནམ་ལས་ འབྲུག་མི་ཚུ་དང་ ཁོ་གི་བར་ནའི་མཐུན་འབྲེལ་དེ་ཡང་ འཕྲོ་མཐུད་གནས་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

རྒྱ་འབྲུག་མཐུན་འབྲེལ།
འཕྲལ་ཁམས་ཅིག་ཁར་ རྒྱ་གར་དང་ འབྲུག་ དེ་ལས་ རྒྱ་ནག་གི་མཐུན་འབྲེལ་གནད་དོན་ཐོག་ ལོ་རྒྱུས་ཚུ་བྱུང་མི་དང་བསྟུན་ གཞུང་ཚབ་ཀྱིས་ བསམ་ཚུལ་ག་དེ་སྦེ་ཡོད་ག་ཟེར་ དྲི་བའི་ལན་ལུ་ གཞུང་ཚབ་ཀྱིས་ སླབ་མིའི་ནང་ འབྲུག་རྒྱལ་ཁབ་འདི་ རང་དབང་རང་བཙན་ཅན་གྱི་ རྒྱལ་ཁབ་ཅིག་ཨིནམ་ལས་ གདམ་ཁ་རྐྱབ་ནི་དེ་ འབྲུག་གི་ཕྱག་ལུ་ཨིན་ཟེར་ སླབ་ཨིན་པས།
ཨིན་རུང་ ཁོ་གིས་འབད་བ་ཅིན་ འབྲུག་གིས་ གདམ་ཁ་ག་ཅི་ར་རྐྱབ་རུང་ རྒྱ་འབྲུག་༢ ཀྱི་མཐུན་ལམ་ལུ་གནོད་པའི་ གདམ་ཁ་དེ་རྩ་ལས་ར་ མི་རྐྱབ་ཟེར་བའི་ ཡིད་ཆེས་ཡོད་ཟེར་ཨིན་པས།
ད་རུང་ རྒྱལ་ཁབ་ཆུང་ཀུ་ཚུ་ལུ་ རྒྱལ་ཁབ་སྦོམ་གྱིས་ དབང་བཟུང་འབད་བའི་ཚ་གྱང་བསྐྱེད་དོ་ཡོདཔ་ལས་ རྒྱ་འབྲུག་མཐུན་འབྲེལ་གྱི་གནས་སྟངས་ནང་ ག་དེ་སྦེ་འོང་ག་ཟེར་བའི་ལན་ལུ་ གཞུང་ཚབ་ཀྱིས་སླབ་མིའི་ནང་ ཁྱིམ་ཚང་གཞན་གྱི་ཁ་ཐུག་ལས་ ག་དེ་སྦེ་ཨིན་ན་ ཁོ་གིས་སླབ་མ་ཤེས་རུང་ རྒྱ་གར་ལུ་ ཚ་གྱང་ལང་དགོ་པའི་ དོགས་པ་མེད་ཟེར་ཨིན་པས།
དེ་མ་ཚད་ རྒྱ་གར་གྱིས་ འབྲུག་ལུ་ བཙན་དབང་འབད་ནི་གི་ སྲིད་བྱུས་ཡོད་པའི་ མངོན་རྟགས་དང་སྒྲུབ་བྱེད་ཡང་ ག་ནི་ཡང་མེདཔ་མ་ཚད་ སྤྱི་ལོ་༡༨༥༨ ལས་ ད་ཚུན་གྱི་རིང་ སྲིད་འབྲེལ་གནས་སྟངས་ཚུ་བརྒྱུད་དེ་ རྒྱ་གར་གྱི་ མི་མང་གི་རེ་འདོད་ལྟར་དུ་ འབྲུག་རྒྱལ་ཁབ་འདི་ རང་དབང་རང་བཙན་ཅན་གྱི་ རྒྱལ་ཁབ་ཅིག་སྦེ་ ངོས་འཛིན་དང་ཆ་གནས་ཡོདཔ་ལས་ རྒྱ་གར་ལས་ དེ་བཟུམ་མའི་ ཉེན་ཁ་འབྱུང་ནི་གི་ དོགས་པ་བསྐྱེད་དགོ་པའི་ རྒྱུ་མཚན་མེད་ཟེར་བཤད་ཅི།
ཁོ་གིས་སླབ་མིའི་ནང་ རྒྱ་གར་ལུ་ འབྲུག་ལས་ལྷག་པའི་ མཐུན་ལམ་ཅན་གྱི་ རྒྱལ་ཁབ་གཞན་མེད་ཟེར་ཨིན་པའི་ཁར་ དེ་ཡང་ ཐག་ཉེ་བའི་ཁྱིམ་ཚང་ཨིན་པའི་ རྒྱུ་མཚན་གྱི་མ་ཚད་ རྒྱ་གར་གྱིས་འབྲུག་རྒྱལ་ཁབ་ཀྱི་ རང་དབང་རང་བཙན་ལུ་ཡང་ རྒྱབ་སྐྱོར་དང་རོགས་རམ་ཚུ་འབད་ཡོད་པའི་ཁར་ མི་དང་མི་གི་བར་ནའི་འབྲེལ་བ་དང་ ཤེས་རིག་དང་ལམ་སྲོལ་ག་ཅིའི་ཐད་ལས་ཡང་ འབྲེལ་བ་དམ་ཟབ་བྱུང་སྟེ་ཡོད་ཟེར་བཤདཅི།
ད་ཚུན་ མཐུན་འབྲེལ་གནད་དོན་ནང་ ལག་ལེན་མེད་པར་ལུས་མི་ རྩོམ་རིག་དང་འབྲེལ་བའི་མཐུན་འབྲེལ་ལས་རིམ་གྱི་དོན་ལུ་ གངས་རིའི་བག་ཅ་ཟེར་མི་དེ་ཡང་ འགོ་བཙུགས་ཡོདཔ་ཨིན་ཟེར་ཨིནམ་ད་ ཁོ་གིས་སླབ་མིའི་ནང་ རྒྱལ་ཁབ་༢ ཀྱི་མཐུན་ལམ་དེ་ སྲིད་དང་གཞུང་འབྲེལ་ཐོག་རྐྱངམ་གཅིག་མིན་པར་ རིག་རྩལ་དང་འབྲེལ་གནད་དོན་ཚུ་ནང་ཡང་ མཐུན་འབྲེལ་རིང་ལུགས་བཞག་དགོཔ་ཡོད་ཟེར་ཨིན་པས།
དེ་འབད་ནི་དེ་གིས་ གངས་རིའི་བག་ཅ་ཟེར་བའི་ རྩོམ་སྒྲིག་རིག་རྩལ་དུས་སྟོན་ལས་རིམ་དེ་ གཙུག་སྡེའི་གནས་ཚད་ཅན་ཅིག་ལུ་ ངོ་འབྱོར་འབད་ཡོདཔ་ལས་ ད་ལས་ཕར་ཡང་ འཕྲོ་མཐུད་གནས་ཚུགས་པའི་རེ་བ་ཡོད་ཟེར་བཤད་ཅི།

དམངས་གཙོའི་རིང་ལུགས།
རྒྱ་གར་གཞུང་དེ་ འཛམ་གླིང་ནང་ དམངས་གཙོ་རིང་ལུགས་རྒྱ་ཆེ་ཤོས་ཅིག་ཨིན་པའི་ ངོས་འཛིན་ཅན་གྱི་ རྒྱལ་ཁབ་ཚུ་གི་གྲས་ལས་ཨིནམ་བཞིན་དུ་ ཁོ་གིས་ལོ་༤ གི་རིང་ འཛམ་གླིང་ནང་ དམངས་གཙོའི་རིང་ལུགས་ གསརཔ་འགོ་བཙུགས་ཏེ་ ནར་སོན་པའི་བསྒང་ཨིན་མི་ རྒྱལ་ཁབ་ནང་ལཱ་འབད་ཡོདཔ་ལས་ འབྲུག་གི་དམངས་གཙོའི་རིང་ལུགས་ལུ་ བསམ་ཚུལ་བཤད་མིའི་ནང་ ད་ཚུན་གྱི་རིང་ལུགས་དེ་ མདུན་ཕྱོགས་སུ་ ལེགས་ཤོམ་སྦེ་ར་ འགྱོ་དོ་ཟེར་བཤད་ཅི།
ཁོ་གིས་སླབ་མིའི་ནང་ འབྲུག་རྒྱལ་ཁབ་འདི་ ཆུང་ཀུ་ཅིག་སྦེ་ དེ་ནང་གི་མི་སྡེ་ཚུ་ཡང་ གཅིག་སྒྲིལ་ཐོག་གནས་པའི་ མངོན་གསལ་བྱུང་ཡོདཔ་མ་ཚད་ ད་ཚུན་དམངས་གཙོའི་རིང་ལུགས་དེ་ གྲུབ་འབྲས་ཅན་ཅིག་སྦེ་ར་གནས་ཡོདཔ་མ་ཚད་ གཞན་རྒྱལ་ཁབ་ཚུ་ནང་ དེ་བཟུམ་སྦེ་ དམངས་གཙོའི་རིང་ལུགས་ནང་ བར་རྐྱེན་མེད་པར་ མཐར་འཁྱོལ་ཅན་ཅིག་སྦེ་ར་ གནས་པའི་འོས་འབབ་ཡོད་ཟེར་ཨིན་པས།
ཨིན་རུང་ རིང་ལུགས་དེ་ནང་ བྱ་སྟབས་མ་བདེཝ་དང་ དཀའ་ངལ་གྱི་དོ་འགྲན་ཚུ་ འབྱུང་སྲིད་ནི་ཨིན་པའི་ཁར་ དེ་བཟུམ་མའི་གནས་སྟངས་ལུ་ དམངས་གཙོའི་རིང་ལུགས་ཀྱི་ རང་བཞིན་ཨིན་ཟེར་ཨིན་པའི་ཁར་ རེ་འདོད་གྲུབ་མ་ཚུགས་པའི་དཀའ་ངལ་དང་ ཁས་ལེན་བཞིན་དུ་ ལག་ལེན་འཐབ་མ་ཚུགསཔ་ལ་སོགས་པའི་ ཁྱད་པར་ཐོན་ཐོག་ལས་ དོ་འགྲན་འབྱུང་ནི་ཨིན་རུང་ དམངས་གཙོའི་རིང་ལུགས་དེ་ ལེགས་ཤོམ་འགྱོ་བའི་ཁར་ དེ་སྦེ་ལེགས་ཤོམ་འགྱོ་མི་དེ་ལུ་ ཧ་ལས་དགོཔ་འདུག་ཟེར་བཤད་ཅི།

དངུལ་འབྲེལ་དཔལ་འབྱོར་གནས་སྟངས།
འབྲུག་ལུ་ རུ་པི་དང་འབྲེལ་བའི་དཀའ་ངལ་གྱི་ གནས་སྟངས་སྦོམ་བྱུང་མི་དེ་གིས་ འབྲུག་རྒྱལ་ཁབ་འདི་ རྩ་བ་ལས་ར་ རྒྱ་གར་ལུ་བརྟེན་མི་ཅིག་ཨིན་པའི་ གསལ་སྟོན་བྱུང་ཡོདཔ་ད་ དཀའ་ངལ་དེ་ མར་ཕབ་འབད་ཐབས་ལུ་ འབྲུག་ལུ་ ཐབས་ཤེས་ག་ཅི་འོང་ཟེར་བའི་སྐབས་ གཞུང་ཚབ་ཀྱིས་ སླབ་མིའི་ནང་ གནད་དོན་དེ་ འཕོ་འགྱུར་གྱི་དུས་ཚོད་ཁར་ཨིན་པའི་གནས་སྟངས་ཅིག་ཨིནམ་ད་ དེ་བཟུམ་མའི་དཀའ་ངལ་བྱུང་མི་དེ་ འབྲུག་རྒྱལ་ཁབ་རྐྱངམ་གཅིག་ལུ་ འགོ་དང་པ་བྱུངམ་མེན་ཟེར་བཤད་ཅི།
དེ་བཟུམ་མའི་དཀའ་ངལ་དེ་ མཇུག་བསྡུ་ནི་མེད་པའི་གནས་སྟངས་ཅིག་ཨིན་པ་ཅིན་ དཀའ་ངལ་དེ་ ཉེན་ཅན་ཅིག་ཨིན་རུང་ འབྲུག་རྒྱལ་ཁབ་ཀྱི་ གནད་དོན་ནང་ གློག་མེ་ལས་འགུལ་དང་པ་༣ མཇུག་བསྡུ་བའི་བསྒང་ལས་ གློག་མེའི་ཐོན་སྐྱེད་ལོག་ལྟབ་ཀྱིས་ ཡར་སེང་སོང་ནི་ཨིན་པའི་ཁར་ གློག་མེ་དང་ གསེར་འདྲ་ཟེར་ཨིན་པས།
དེ་འབད་ནི་འདི་གིས་ རུ་པི་དང་འབྲེལ་བའི་ དངུལ་འབྲེལ་དཀའ་ངལ་དེ་ འཕོ་འགྱུར་གནས་སྐབས་ཀྱི་དཀའ་ངལ་ཅིག་ཨིནམ་ད་ དེ་གི་ཐབས་ཤེས་ལུ་ གཙོ་བོ་ར་ སྲིད་བྱུས་ཀྱི་གདོང་ལེན་འབད་དགོཔ་ཚུ་ཨིནམ་ད་ མ་འོངས་ལོ་༣ དང་༤ གི་ནང་འཁོད་ལུ་ དཀའ་ངལ་དེ་ཚུ་ གདོང་ལེན་འབད་ཚུགས་པའི་ གོ་སྐབས་འདུག་ཟེར་བཤད་ཅི།

གློག་མེ་ལས་འགུལ།
འབྲུག་གིས་ གློག་མེ་ལས་འགུལ་ལུ་ བརྩོན་ཤུགས་རྒྱ་ཆེ་དྲགས་བསྐྱེད་པའི་གནད་དོན་ནང་ གཞུང་ཚབ་ཀྱིས་འབད་བ་ཅིན་ གཙང་ཆུ་ཚུ་ རྒྱ་གར་ལུ་འགྱོ་དོ་ཡོདཔ་ལས་ གཙང་ཆུ་ཚུ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ནིའི་ནང་ དུས་ཚོད་ལུ་བསྒུག་དགོཔ་མིན་འདུག་ཟེར་ཨིན་པས།
འབྲུག་གི་ གཙུང་ཆུ་དང་འབྲེལ་བའི་གློག་མེ་ཐོན་སྐྱེད་ཀྱི་ ལྕོགས་གྲུབ་དེ་ གློག་ཤུགས་མེ་ག་ཝཱཊ་༢༥,༠༠༠ ཨིན་པའི་ཁར་ ད་རེས་རྒྱ་གར་གྱིས་ གློག་ཤུགས་མེ་ག་ཝཱཊ་༡༠,༠༠༠ གི་དོན་ལུ་ རྒྱབ་སྐྱོར་ཁས་ལེན་འབད་ཡོདཔ་ལས་ འབྲུག་གིས་ གློག་ཤུགས་ཐོན་སྐྱེད་ཀྱི་ལྕོགས་གྲུབ་དེ་ ལོ་ངོ་༡༠ དང་༡༢ གི་བར་ན་ ལག་ལེན་མཐར་འཁྱོལ་འབྱུང་ཚུགས་པའི་ འོས་འབབ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་ལུ་ གློག་ཤུགས་ཐོན་སྐྱེད་ཀྱི་ལྕོགས་གྲུབ་ཡོདཔ་བཞིན་དུ་ རྒྱ་གར་ལུ་ གློག་ཤུགས་ཀྱི་ དགོས་མཁོ་སྦོམ་ཡོད་ཟེར་ཨིནམ་ད་ འབྲུག་ལུ་ འོང་འབབ་ཀྱི་དགོས་མཁོ་ཡོདཔ་བཞིན་དུ་ གློག་མེའི་ཐོན་སྐྱེད་བཟོ་སྐྲུན་གྱི་དོན་ལུ་ མ་རྩའི་དགོས་མཁོ་ཡོདཔ་ལས་ གློག་མེ་ལས་འགུལ་དེ་ རྒྱ་འབྲུག་༢ ཆ་ར་ལུ་ ཕན་ཐོགས་ཅན་ཅིག་ཨིན་ཟེར་ སླབ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment