གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་ཀྱིས་ ཡུན་བརྟན་ཐོག་ མ་འོངས་རྒྱུན་སྐྱོང་ལུ་ ཚ་གྱང་མེདཔ།

༢༤/༡༡/༢༠༡༢   ༉ དམངས་གཙོའི་རིང་ལུགས་ནང་ སྲིད་ཚོགས་ཚུ་གིས་ བཙག་འཐུ་འགོ་བཙུགས་ཞིནམ་ལས་ མཇུག་བསྡུཝ་ད་ སྲིད་ཚོགས་ཀྱི་འགན་འཁྲི་མཇུག་བསྡུཝ་མེན་པར་ སྲིད་ཚོགས་ཐོ་བཀོད་གྲུབ་ཞིནམ་ལས་ འགན་ལེན་ཐོག་ ཡུན་བརྟན་གནས་དགོཔ་དེ་ གལ་ཆེ་ནི་ཨིན་པས།


སྲིད་ཚོགས་ཀྱི་མ་འོངས་ཡུན་བརྟན་གྱི་ཐད་ལུ་ འདས་པའི་ཉམས་མྱོང་དང་འཁྲིལ་བ་ཅིན་ མ་དངུལ་གྱི་དཀའ་ངལ་ཐོག་ སྲིད་ཚོགས་ཡུན་བརྟན་གནས་ཐབས་དེ་ དོ་འགྲན་ཅན་ཅིག་སྦེ་ མཐོང་གསལ་བྱུང་ཡོདཔ་ཨིན་རུང་ ཁ་ཙ་ སྤ་རོ་ལུ་ སྦྱོང་བརྡར་ནང་བཅའ་མར་གཏོགས་མི་ སྲིད་ཚོགས་མང་ཤོས་ཅིག་གིས་ མ་འོངས་རྒྱུན་སྐྱོང་ཐོག་ ཡུན་བརྟན་གྱི་གནད་དོན་ལུ་ ཚ་གྱང་མེདཔ་སྦེ་བཤད་ཅི།
འབྲུག་སྤྱིར་དབང་ཚོགས་པའི་འཐུས་མི་ བསོད་ནམས་བསྟན་འཛིན་གྱིས་སླབ་མའི་ནང་ ཁོང་གི་སྲིད་ཚོགས་དེ་ འགོ་ཐོག་གཞི་བཙུགས་འབད་བའི་སྐབས་ལས་ར་ གཅིག་སྒྲིལ་ཐོག་མཉམ་འབྲེལ་གྱི་ཁས་ལེན་ཡོདཔ་ལས་ མ་འོངས་པ་ནང་འབད་རུང་ མཉམ་འབྲེལ་ཐོག་ལུ་ རྒྱུན་སྐྱོང་གནས་ཚུགས་པའི་ གོ་སྐབས་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་འགོ་བཙུགས་པའི་སྐབས་ལུ་ཡང་ མ་དངུལ་གྱི་རྒྱབ་སྐྱོར་འབད་མི་ག་ཡང་མེད་པར་ འགོ་བཙུགས་ཡོདཔ་ལས་ མ་འོངས་པ་འབད་རུང་ དེ་བཟུམ་སྦེ་ར་ རྒྱུན་སྐྱོང་ཐོག་གནས་ཚུགས་ཟེར་བཤད་ཅི།
མི་སེར་དམངས་གཙོ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཡོ་གེཤ་ཏ་མཱང་གིས་སླབ་མིའི་ནང་ ཡུན་བརྟན་གྱི་དོན་ལུ་ གཙོ་བོ་ར་ ཚོགས་པའི་འཐུས་མི་ཚུ་ གཅིག་མཐུན་ཐོག་བཞག་ནི་དེ་ ཨིན་ཟེར་ཨིནམ་ད་ ཁོང་གི་ཚོགས་པ་གིས་ ད་ཚུན་གྱི་རིང་ལུ་ སྤྱི་ཚོགས་ཀྱི་གྲོས་བསྡུར་ ག་ཅི་ར་ཡོད་རུང་ འཐུས་མི་ཚུ་དང་གཅིག་ཁར་ གྲོས་བསྡུར་ཐོག་ བསམ་འཆར་བསྡུ་ལེན་འབད་དོ་ཡོདཔ་ལས་ ས་གནས་ཀྱི་འཐུས་མི་ཚུ་དང་ ཐིམ་ཕུ་གི་ཚོགས་པའི་ཡིག་ཚང་གོང་མའི་བར་ན་ འབྲེལ་གནད་ཚུ་བཞག་སྟེ་ར་ཡོདཔ་ཨིན་ཟེར་བཤད་ཅི།
ས་གནས་ཀྱི་འཐུས་མི་ཚུ་དང་གཅིག་ཁར་ མཉམ་འབྲེལ་དང་ འབྲེལ་གནད་བཞག་ཚུགས་པ་ཅིན་ སྲིད་ཚོགས་ཀྱི་རྒྱུན་སྐྱོང་ཡང་ དེ་ཨིནམ་མ་ཚད་ རྫོང་ཁག་ཚུ་ནང་ ཚོགས་པའི་ཡིག་ཚང་ གཞི་བཙུགས་འབད་དགོཔ་དེ་ གལ་གནད་ཅན་ཅིག་ཨིནམ་ལས་ ཚོགས་པའི་འཐུས་མི་ལ་ལུ་ཅིག་གིས་ ཡིག་ཚང་གི་དོན་ལུ་ ཁང་མིག་ཚུ་ རིན་མེད་སྟོང་མར་སྦེ་ རྒྱབ་སྐྱོར་འབད་མི་ཐོན་ཏེ་ཡོད་ཟེར་བཤད་ཅི།
སྲིད་ཚོགས་ཚུ་ བཙག་འཐུ་མཇུག་བསྡུ་ཞིནམ་ལས་ བཙག་འཐུའི་རྒྱལ་ཁ་མ་ཐོབ་རུང་ སྲིད་ཚོགས་ཀྱི་འགན་འཁྲི་འབག་དགོཔ་ཡོད་མི་ནང་ ཁོ་གིས་འབད་བ་ཅིན་ གལ་སྲིད་ བཙག་འཐུ་ནང་ལས་ གཞུང་སྐྱོང་དང་ ལྡོག་ཕྱོགས་ག་ཅིའི་གྲངས་སུ་ཡང་ མ་ཚུད་དེ་འབད་རུང་ ཐོ་བཀོད་ཅན་གྱི་སྲིད་ཚོགས་གཅིག་སྦེ་གནས་ཞིནམ་ལས་ དམངས་གཙོའི་རིང་ལུགས་གོང་འཕེལ་དང་ ཤེས་ཡོན་རྒྱ་བསྐྱེད་ནང་ འགན་འཁྲི་འབག་སྟེ་ བརྩོན་ཤུགས་བསྐྱེད་དགོཔ་ཡོད་ཟེར་ཨིན་པས།
བྷུ་ཊཱན་ཀུན་མཉམ་པར་ཊི་ལས་ ཚེ་དབང་བཀྲིས་ཀྱིས་སླབ་མིའི་ནང་ ཁོང་གི་ཚོགས་པའི་དོན་ལུ་  སྲིད་ཚོགས་གཞི་བཙུགས་འབདཝ་ད་ར་ མ་འོངས་རྒྱུན་སྐྱོང་གི་ཚ་གྱང་མེད་ཟེར་ཨིནམ་ད་ དེ་ཡང་ གཙོ་བོ་ར་ ཚོགས་པ་དེ་གིས་ མི་ཚེ་གཅིག་གི་རིང་ སྲིད་དོན་ནང་འབྲེལ་གཏོགས་ཐོག་ ཚོགས་པའི་གཞི་རྩ་ལུ་གཙོ་རིམ་བཟུང་ཐོག་ལས་ ཕྱག་ཞུ་ནི་གི་རེ་བ་ཨིནམ་ལས་ གཞི་རྩ་དེ་ལུ་ ཡིད་ཆེས་ཡོད་མི་ཚུ་གིས་ རྒྱབ་སྐྱོར་འབད་མི་ཐོན་འོང་ཟེར་ཨིན་པས།
ཚོགས་པའི་ཡིག་ཚང་གཞི་བཙུགས་ཀྱི་ཐད་ལུ་ བསམ་ཞིབ་ཐོག་འབད་དགོཔ་ཡོད་རུང་ ས་གནས་ཀྱི་འཐུས་མི་ཚུ་དང་ རྒྱུན་འབྲེལ་འཐབ་ཚུགས་ནི་ཨིནམ་མ་ཚད་ ས་གནས་ཁར་ སྲིད་ཚོགས་དེ་ལུ་ ཡིད་ཆེས་ཡོད་མི་ཐོན་ཏེ་འབད་བ་ཅིན་ ཁས་བླངས་ཀྱི་རྒྱབ་སྐྱོར་འབད་མི་ཡང་ ཐོན་སྲིད་ཟེར་ཨིན་པས།
མོ་གིས་ མ་འོངས་བཙག་འཐུ་ནང་ལས་ རྒྱལ་ཁ་མ་ཐོབ་པ་ཅིན་ སྲིད་ཚོགས་ཀྱི་འགན་འཁྲི་གི་ཐད་ལུ་ སླབ་མིའི་ནང་ སྲིད་ཚོགས་ཚུ་ བཙག་འཐུ་མཇུག་བསྡུཝ་ད་གཅིག་ཁར་ ར་ཡལ་འགྱོཝ་མེན་ཟེར་ཨིནམ་ད་ སྲིད་ཚོགས་ཚུ་གིས་ གཞུང་གི་འཛོལ་བ་འབད་བ་ཅིན་ དེ་ལུ་ ལམ་སྟོན་གྱི་ཐབས་ཤེས་འབད་དགོཔ་ད་ གཞུང་གིས་མཛད་བྱ་བཟང་པོ་ལུ་ རྒྱབ་སྐྱོར་ཚུ་འབད་དེ་ ལྟ་རྟོག་འབད་ནི་དེ་ གལ་ཆེ་ཟེར་བཤདཔ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment