གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་གྲྭའི་སློབ་དཔོན་ཚུ་ལུ་ གཡོག་གི་མདུན་ལམ་ ལེགས་ཤོམ་འོང་ནི།

༡༦/༡༡/༢༠༡༢   ༉ ཤེས་རིག་ལྷན་ཁག་གིས་ སློབ་གྲྭའི་སློབ་དཔོན་ཚུ་གི་དོན་ལུ་ མི་སྟོབས་ཀྱི་སྲིད་བྱུས་དང་ ཚེ་གཡོག་གི་མདུན་ལམ་སྲིད་བྱུས་ སོ་སོ་ཅིག་ བསྐྱར་ཞིབ་འབད་དེ་ གཞི་བཙུགས་འབད་ནིའི་ གྲོས་འཆར་གྱི་དོན་ལུ་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས། 


དེ་མ་ཚད་ སློབ་གྲྭ་ཚུ་ནང་ ལྡུམ་རའི་ལཱ་ཚུ་ ལྟ་རྟོག་དང་ འགོ་འདྲེན་འཐབ་མི་ སློབ་གྲྭའི་སྲུང་རྒྱབ་དང་ བསླབ་སྟོན་པ་ལ་སོགས་པའི་ ལས་བྱེདཔ་ཐེབས་ཀྱི་ ལཱ་གཡོག་གོ་སྐབས་ཡང་ མངམ་བཟོ་ནིའི་ འཆར་གཞི་ཚུ་ བརྩམ་དོ་ཡོདཔ་ཨིན་པས།
ཤེས་རིག་ལྷན་ཁག་འོག་གི་ མི་སྟོབས་ལས་ཁུངས་ཀྱི་ མི་སྟོབས་འགོ་དཔོན་གཙོ་འཛིན་ བསོད་ནམས་དབང་རྒྱལ་གྱིས་ སླབ་མིའི་ནང་ སློབ་གྲྭ་ཚུ་ནང་ ལཱ་གཞན་ལྟ་རྟོག་འབད་མི་ སློབ་དཔོན་མིན་པའི་ ལས་བྱེདཔ་སོ་སོ་ཡོད་པ་ཅིན་ སློབ་དཔོན་ཚུ་གིས་ ཆོས་ཚན་ལུ་ གཙོ་བོར་བཏོན་ཚུགས་པའི་ཁར་ ངལ་འཚོ་ནིའི་ དུས་ཚོད་ཡང་ འཐོབ་ཚུགས་ནི་མས་ཟེར་ཨིན་པས།
སྲིད་བྱུས་གསརཔ་དེ་ གསལ་ཏོག་ཏོ་དང་ གོཝ་འཇམ་ཏོག་ཏོ་ དེ་ལས་ ཁུངས་དང་ལྡན་ཏོག་ཏོ་ཡོདཔ་ལས་ ལག་ལེན་འཐབ་མི་ཚུ་གིས་ ལེགས་ཤོམ་སྦེ་ ཧ་གོ་ཚུགས་པའི་ཁར་ སྟབས་བདེ་ཏོག་ཏོ་འོང་ཟེར་ཨིན་པས།
སྲིད་བྱུས་དེ་ གཙོ་བོ་ རྒྱལ་ཁབ་ནང་ ཁྱད་རིག་དང་ ཁྱད་ཚད་ལྡན་པའི་ འབྲུག་མི་ཚུ་གིས་ སློབ་དཔོན་གྱི་ལཱ་གཡོག་ལུ་ སེམས་ཤུགས་བསྐྱེད་བཅུག་ནི་ལུ་དམིགས་ཏེ་ཨིནམ་ད་ ད་ལྟོ་ སློབ་དཔོན་ནང་ཡོད་མི་ཚུ་གིས་ ལཱ་གཡོག་འཕྲོ་མཐུད་འབད་ནི་ལུ་ སྤྲོ་བ་བསྐྱེད་བཅུག་ནིའི་མཐུན་རྐྱེན་ཚུ་ བྱིན་ཚུགས་ཟེར་ བསོད་ནམས་དབང་རྒྱལ་གྱིས་ སླབ་ཨིན་པས།
ཧེ་མ་འབད་བ་ཅིན་ སློབ་དཔོན་ཚུ་གིས་ གོ་གནས་ཀྱི་སྡེ་རིམ་ པི་ཝཱན་ཚུན་ཚོད་ ལྷོད་ཚུགསཔ་ཨིན་རུང་ སྲིད་བྱུས་གསརཔ་གི་ཐོག་ལུ་ ཨི་ཨེཀསི་སྡེ་རིམ་ཟེར་ ཞི་གཡོགཔ་ཚུའི་ གོ་གནས་ཀྱི་སྡེ་རིམ་ ཨི་ཨེཀསི་ཐི་རི་གི་ མདོ་ཆེན་ཚུ་དང་ འདྲན་འདྲ་ལྷོད་ཚུགས་ནི་ཨིནམ་མ་ཚད་ རྒྱལ་ཁབ་ནང་ ཁྱད་རིག་ལྡན་པའི་ སློབ་དཔོན་གྱི་དཀའ་ངལ་དང་ སློབ་དཔོན་མ་ལང་པའི་དཀའ་ངལ་ཚུ་ བསལ་ཚུགས་པའི་རེ་བ་ ཡོད་ཟེར་ཨིན་པས།
ད་ལྟོ་ ཉམས་མྱོང་ཅན་གྱི་ སློབ་དཔོན་ལེ་ཤ་ཅིག་གིས་ ལོ་ངོ་དག་པ་རེ་ སློབ་དཔོན་འབད་བའི་ཤུལ་ལུ་ དགོངས་ཞུ་འབད་དེ་ ལཱ་གཡོག་གཞན་འཚོལ་ཏེ་ འགྱོ་ནི་དེ་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཚུ་ནང་ སློབ་དཔོན་གྱི་མཁོ་འདོད་ ལངམ་བཟོ་ཐབས་ལུ་ ཤེས་རིག་ལྷན་ཁག་གིས་ སློབ་རིམ་༡༢ པའི་ ཤེས་ཚད་ཡོད་མི་ཚུ་དང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ ཁག་འབག་སློབ་དཔོན་སྦེ་ གཏང་དགོཔ་ཐོན་ཡོདཔ་ད་ སྤྱི་ལོ་༢༠༡༡ ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་མེན་པར་ སློབ་རིམ་༡༢ པ་ མཇུག་བསྡུ་མི་ཚུ་རྐྱངམ་གཅིག་ ལེན་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༩ ལས་ སྤྱི་ལོ་༢༠༡༡ ཚུན་ ལོ་༣ ནང་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཚུ་ནང་ལས་ ཤེས་ཚད་མཐར་འཁྱོལ་མི་ ཁག་འབག་སློབ་དཔོན་༢༩༦ དེ་ཅིག་ བཙུགས་ཡོདཔ་ཨིན་རུང་ སློབ་རིམ་༡༢ པ་མཐར་འཁྱོལ་མི་ ཁག་འབག་སློབ་དཔོན་ཚུ་ རྫོང་ཁག་ནང་ལས་ བཙག་འཐུ་འབད་དོ་ཡོདཔ་ལས་ ད་ལྟོ་ ཁོང་ཆ་ཁྱབ་ ག་དེམ་ཅིག་ཡོདཔ་ཨིན་ན་ ཏན་ཏན་མ་ཤེསཔ་ཨིན་པས།
སྲིད་བྱུས་གསརཔ་དེ་ སང་ཕོད་སྤྱི་ལོ་༢༠༡༣ ལས་ ལག་ལེན་འཐབ་ཚུགས་པའི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།


 
ནོར་འཛིན་ལྷ་མོ།

No comments:

Post a Comment