གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞལམ་སྒང་ལུ་ རྒེད་འོག་ལྟེ་བ་༣ ནང་ འཁོར་ལམ་གྱི་ སྦྲེལ་མཐུད་མེདཔ།

༢༨/༡༡/༢༠༡༢   ༉ རྒྱལ་ཁབ་ནང་ རྫོང་ཁག་ཚུ་གི་གྲས་ལས་ གོང་འཕེལ་དུམ་གྲ་ཅིག་ལས་མ་འགྱོ་མི་ གཞལམ་སྒང་རྫོང་ཁག་ནང་ རྒེད་འོག་ལྟེ་བ་༨ ཡོད་ས་ལས་ ལྟེ་བ་༣ ནང་ ད་ཚུན་གྱི་བར་ན་ཡང་ འཁོར་ལམ་བཏོན་མ་ཚུགས་པར་ཡོདཔ་མ་ཚད་ གྲོང་གསེབ་གློག་མེ་བཀྲམ་སྤེལ་གྱི་ ཁྱབ་ཚད་ཡང་ བརྒྱ་ཆ་༤༠ མ་གཏོགས་མེདཔ་ཨིན་པས།


དེ་ཡང་ གཞལམ་སྒང་རྫོང་ཁག་ནང་ ཉིན་གྲངས་༦ གི་རིང་ གཟིགས་སྐོར་གནང་སྟེ་ ཁ་ཙ་ ཐིམ་ཕུ་ལུ་ ལོག་ཕེབས་མི་ བློན་ཆེད་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ འཆར་གཞི་༡༠ པའི་དུས་ཡུན་ནང་འཁོད་ལུ་ རྒེད་འོག་ལྟེ་བ་ཆ་མཉམ་ནང་ འཁོར་ལམ་བསལ་ནི་གི་ལཱ་ཚུ་ ཡུན་འགྱངས་ལུས་ཉེན་ཡོད་པའི་ ཐུགས་ཚ་གྱང་ཡོད་ལུགས་ གསུངས་ཡོདཔ་ཨིན་པས།
གཞལམ་སྒང་རྫོང་ཁག་གི་ རྒེད་འོག་༨ ལས་ ཀྲོང་དང་ ངང་ལག་ སྤང་མཁར་ ནང་སྐོར་ སྒོ་ཤིང་རྒེད་འོག་ལྟེ་བ་ཚུ་ནང་ འཁོར་ལམ་གྱིས་ སྦྲེལ་མཐུད་འབད་ཡོད་རུང་ འབྱོག་སྒར་དང་ བར་དོ་ ཤིང་མཁར་རྒེད་འོག་གསུམ་ནང་ འཁོར་ལམ་གྱི་ སྦྲེལ་མཐུད་མེད་པར་ ལུས་ཡོདཔ་ཨིན་པས།
འཆར་གཞི་༡༠ པའི་ནང་ རྒེད་འོག་ལྟེ་བ་ཆ་མཉམ་ར་ འཁོར་ལམ་གྱི་ སྦྲེལ་མཐུད་ཡོདཔ་ བཟོ་ནི་གི་ དམིགས་ཡུལ་འགྲུབ་ཐབས་ལུ་ བློན་ཆེན་མཆོག་གིས་ ལམ་སེལ་ལས་ཁུངས་ལུ་ བར་དོའི་ཞིང་ལམ་བསལ་ནི་དང་ ཤིང་མཁར་གྱི་ འཁོར་ལམ་སེལ་ནིའི་ནང་ འབྲེལ་གཏོགས་ཡོད་མི་ འགོ་དཔོན་ཚུ་ལུ་ ལཱ་མགྱོགས་དྲགས་འབད་དགོ་པའི་ བཀའ་རྒྱ་གནང་ནུག།
ཤིང་མཁར་རྒེད་འོག་དེ་ མཐའ་ཟུར་ས་གནས་ཅིག་ཨིན་པའི་ཁར་ ས་ཆ་ཚུ་ཡང་ རྩུབ་དྲགས་སྦེ་ཡོད་མི་ལུ་བརྟེན་ ལམ་སེལ་ལཱ་གི་ གྲུབ་འབྲས་རྒྱ་ཆེཝ་སྦེ་ བཏོན་མ་ཚུགས་རུང་ ད་ཚུན་གྱི་བར་ན་ ལམ་བཏོན་ཚར་མི་དེ་གིས་ བུ་ལི་ལུ་འགྱོ་ནི་གི་ ཉིན་ལམ་གཉིས་ ཐུང་ཀུ་བཟོ་དཔ་ལས་ གཞུང་ལུ་ བཀའ་དྲིན་དགའ་ཚོར་སྦོམ་ཡོད་ཟེར་ ཁེངས་ཀྱི་མི་སེར་ཚུ་གིས་ བློན་ཆེན་མཆོག་ལུ་ ཞུ་ཡོདཔ་ཨིན་པས།
མི་སེར་ཚུ་དང་ མཇལ་ཕྲད་གནངམ་ད་ བློན་ཆེན་མཆོག་གིས་ གཞལམ་སྒང་དེ་ དབུས་ཕྱོགས་ལུ་ ཆགས་མི་དང་ ད་རེས་ནངས་པ་ འཁོར་ལམ་ཚུ་ སེལ་བའི་བསྒང་ཡོད་པའི་ཁར་ ལྕམ་མཁར་ཆུ་གློག་མེ་ལས་འགུལ་འགོ་བཙུགས་མི་དང་ མཐའ་འཁོར་གནས་སྟངས་དང་འབྲེལ་བའི་ ལྟ་བཤལ་ལས་སྣ་ཚུ་ རྒྱ་བསྐྱེད་འབད་ནི་གི་ འཆར་གཞི་ཡོད་མི་ཚུ་ལུ་ ཁེངས་རིགས་རྣམ་གསུམ་གྱི་ མི་སེར་ཚུ་གིས་ དཔལ་འབྱོར་གྱི་ གོ་སྐབས་སྣ་ཚོགས་ལེན་དགོ་ཟེར་ གསུངས་ཡོདཔ་ཨིན་པས།
ད་རུང་ བློན་ཆེན་མཆོག་གིས་ གཞལམ་སྒང་རྫོང་ཁག་ནང་ གྲོང་གསེབ་གློག་མེ་བཀྲམ་སྤེལ་གྱི་ཁྱབ་ཚད་བརྒྱ་ཆ་༤༠ མ་གཏོགས་ མེད་མི་ལུ་ཡང་ ཚ་གྱང་ཡོདཔ་ལས་ འབྲུག་གློག་མེ་ལས་འཛིན་དང་ རྫོང་ཁག་འགོ་དཔོན་ཚུ་གིས་ འཆར་གཞིའི་དུས་ཡུན་ནང་ར་ ཁྱིམ་གུང་ཆ་མཉམ་ནང་ གློག་མེ་ལྷོད་ཚུགསཔ་ ངེས་བརྟན་བཟོ་དགོ་པའི་ བཀའ་རྒྱ་གནང་ནུག།
བློན་ཆེན་གྱིས་འབད་བ་ཅིན་ གློག་མེ་བཀྲམ་སྤེལ་གྱི་ལཱ་ཚུ་ ཁག་འབགཔ་རྐྱངམ་གཅིག་ལུ་ བཀལ་མ་བཞག་པར་ ལཱ་མཉམ་རུབ་འབད་དགོ་ཟེར་ཨིན་པས།
ཉིན་གྲངས་༦ གི་གཟིགས་སྐོར་སྐབས་ བློན་ཆེན་འཇིགས་མེད་འཕྲིན་ལས་མཆོག་གིས་ ཤིང་མཁར་ཞིང་ལམ་དང་ སྒོ་གླིང་ཞིང་ལམ་ རྡི་ག་ལ་ལམ་ སྒོམ་ཕུག་དང་པཱན་སྦང་གི་འཁོར་ལམ་ འབྱོག་སྒར་ཞིང་ལམ་ པཱན་སྦང་དང་ ངང་ལམ་གྱི་འཁོར་ལམ་ པཱན་སྦང་ལུ་ པཱན་ཏང་ཟམ་དང་ ནི་ཤོ་ཀ་ཟམ་གྱི་ ས་ཁོངས་ཚུ་ནང་ བྱོན་ཡོདཔ་ཨིན་པས།
བློན་ཆེན་མཆོག་གིས་ རྫོང་ཁག་ཚོགས་སྡེ་དང་ རྒེད་འོག་ཚོགས་སྡེའི་འཐུས་མི་ཚུ་གིས་མ་ཚད་པར་ རྫོང་ཁག་འགོ་དཔོན་དང་ སློབ་དཔོན་ སློབ་ཕྲུག་ ཚོང་པའི་འཐུས་མི་ཚུ་དང་ཡང་ མཇལ་ཕྲད་གནང་ཡོདཔ་ད་ བློན་ཆེན་དང་ ཕྱག་ཞུ་སྟེ་ ལས་མི་བློན་པོ་རྡོ་རྗེ་དབང་འདུས་དང་ ཞབས་ཏོག་ལྷག་ཁག་གི་དྲུང་ཆེན་ དེ་ལས་ གཞུང་གི་འགོ་དཔོན་ཚུ་ བྱོན་ཡོདཔ་ཨིན་པས།
སྤྱི་ཟླ་༡༡ པའི་ཚེས་༢༣ ལུ་ བློན་ཆེན་གྱིས་ མང་སྡེ་ཆུ་གུ་ སྒོ་ལིང་ལྕགས་ཟམ་གསར་བསྒྲུབས་འབད་མི་དེ་ཡང་ སྒོ་འབྱེད་གནང་ཡོདཔ་ད་ རིང་ཚད་ཕིཊ་༣༠༠ འབད་མི་ སྒོ་ལིང་ཟམ་དེ་ལུ་བརྟེན་ ཤིང་མཁར་དང་ བར་དོ་ ནང་སྐོར་རྒེད་འོག་ཚུ་གི་ མི་སེར་ཚུ་ ཡེ་སྦིས་ལབ་རྩ་སྨན་ཁང་དང་ དགེ་ལེགས་ཕུག་འགྱོ་ནི་ལུ་ ལམ་ཐག་ཐུང་ཀུ་བཟོ་བའི་ ཕན་ཁྱད་ཡོདཔ་ཨིན་པས།
དེ་མ་ཚད་ བློན་ཆེན་གྱིས་ ཀྲོང་གསར་དང་ གཞལམ་སྒང་གི་ གཞུང་ལམ་བདའ་སྟེ་ཡོད་མི་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ཆུ་རྫིང་ས་ཁོངས་དང་ གློག་མེ་འཕྲུལ་ཁང་ པཱན་སྦང་ཁྲོམ་ མ་ནཱསི་རྒྱལ་ཡོངས་གླིང་ཁ་ཚུ་ནང་ཡང་ གཟིགས་སྐོར་གནང་ཡོད་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment