གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་མེ་བཀྲུམ་སྤེལ་གྱི་ལཱ་ མཇུག་བསྡུ་མ་ཚུགས་པར་ལུས་ཡོདཔ།

༢༡/༡༡/༢༠༡༢
 ༉ པདྨ་དགའ་ཚལ་རྫོང་ཁག་ ཕྱི་མུང་རྒེད་འོག་ནང་ སྤྱི་ལོ་༢༠༡༠ གྱི་ལོ་ཕྱེད་ལས་ གྲོང་གསེབ་གློག་མེའི་ ལཱ་འབད་ནི་འགོ་བཙུགས་ཡོད་རུང་ ད་ལྟོའི་བར་ན་ཡང་ ག་ཅི་སྦེ་ ལཱ་མཇུག་མ་བསྡུཝ་ཨིན་ན་ཟེར་ མི་ཚུ་གིས་ བཤདཔ་ཨིན་པས།

ཉི་དྲོད་གློག་མེ་ ལག་ལེན་འཐབ་མི་ ཕྱི་མུང་གཡུས་ཚན་གྱི་ཁྱིམ་ཅིག།

ཕྱི་མུང་རྒེད་འོག་དེ་ པདྨ་དགའ་ཚལ་ཁྲོམ་ལས་ ཉིན་ལམ་༢ ཀྱི་ས་ཁར་ཆགས་ཡོདཔ་ད་ རྒེད་འོག་གཞན་མི་དང་ཅིག་ཁར་ སྦྲེལ་མཐུད་འབད་ནིའི་དོན་ལུ ཀི་ལོ་མི་ཊར་༧༠ འབད་མི་སོ་ནམ་ཞིང་ལམ་ཅིག་ ད་ལྟོ་སེལ་བའི་བསྒང་ཡོདཔ་ཨིན་པས།
རྒེད་འོག་དེ་ནང་ཡོད་པའི་ སློབ་གྲྭ་ཆུང་བ་དང་ སློབ་དཔོན་ དེ་ལས་ ཞི་གཡོགཔ་ཚུ་ག་ར་ ཉི་དྲོད་གློག་མེ་ལག་ལེན་འཐབ་དོ་ ཡོདཔ་ཨིན་པས།
ཞི་གཡོགཔ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁྱིམ་ནང་ མེ་རླུང་རྒྱ་རྫི་རྫོགས་པའི་སྐབས་ གློག་མེ་མེད་པའི་བསྒང་ལས་ ཁོང་ལུ་བྱ་སྟབས་མ་བདེཝ་ལེ་ཤ་ཐོནམ་མས་ཟེར་ཨིནམ་ད་ རྒྱ་རྫིའི་རླུང་ལོག་བླུགས་ནིའི་དོན་ལུ་ ཟད་འགྲོ་ལེ་ཤ་གནསཔ་མ་ཚད་ རླུང་བླུགས་མིའི་མེ་རླུང་རྒྱ་རྫི་དེ་ ཐོབ་ཚུགས་ཚུགས་ལུ་ ཁྱིམ་ནང་ཡོད་པའི་རྒྱ་རྫི་དེ་ རྫོགསཔ་མས་ཟེར་ཨིན་པས།
ཕྱི་མུང་ལུ་སྡོད་མི་ སྐྱེས་ལོ་༣༠ ལང་མི་ རྟ་མགྲིན་ཆོས་འཛོམས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ས་གནས་ནང་ གློག་མེའི་ཐགཔ་སྤྲིངས་ཚར་མི་ཚུ་ལུ་ འབྲུག་གློག་མེ་ལས་འཛིན་གྱིས་ གློག་མེ་བཀྲམ་སྤེལ་འབད་བ་ཅིན་ ཁོང་ལུ་ཁེ་ཕན་བྱུང་ནི་མས་ཟེར་ བཤདཔ་ཨིན་པས།
ད་རུང་ ཨ་ལུ་༤ གི་ཨའི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གི་མེ་རླུང་རྒྱ་རྫི་དེ་ཛོགས་འོང་མནོ་བའི་ ཚ་གྱང་གིས་ བཞེས་སྒོ་ཚུ་ཡང་ ཕྱི་ཁར་མེ་འཕུ་སྟེ་བཟོ་དོ་ཟེར་ཨིནམ་ད་ སློབ་དཔོན་༡ གིས་སླབ་དོ་བཟུམ་འབད་བ་ཅིན་ ཁོང་གི་ཁྱིམ་ནང་ལག་ལེན་འཐབ་མི་ ཉི་དྲོད་གློག་མེ་དེ་གིས་ ནུབ་༡ མི་ལང་མས་ཟེར་ཨིནམ་ད་ ཉེ་འདབས་ལུ་ཡོད་པའི་ ཚོང་ཁང་ནང་ལས་ སྤྱ་རྩི་པེམ་འབར་ཐོབ་མ་ཚུགས་ནི་དེ་གིས་ གནམ་མ་སྲོཔ་ལས་ར་ ཉལ་དགོ་པས་ཟེར་ཨིན་པས།
ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ སློབ་ཕྲུག་ཨ་ལུ་ཚུ་ ཆོས་རྒྱུགས་ཀྱི་དོན་ལུ་ དཔེ་ཆ་ལེགས་ཤོམ་སྦེ་སྒྲ་སྒྲིག་འབད་མ་ཚུགསཔ་མ་ཚད་ ཁོང་གི་ཏི་རུ་མང་ཤོས་ར་ སྤྱ་རྩི་པེམ་འབར་དང་ས་སྣུམ་ དེ་ལས་ འཕྲུལ་མེའི་ལྟོ་ཚུ་ཉོ་ནི་ནང་ རྫོགསཔ་མས་ཟེར་ཨིན་པས།
ཕམ་རྒས་ཤོས་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ཚུན་ ཁོང་ཆ་ཁྱབ་ནག་དུང་ནང་སྡོད་ཡོད་རུང་ ད་ལས་ཕར་ གཡུས་ཚན་ཚུ་ནང་ གློག་མེའི་ཐགཔ་ཚུ་སྤྲིང་ས་མཐོངམ་ད་ སེམས་དགའཝ་མས་ཟེར་ཨིནམ་ད་ ད་ཚུན་ གྱི་རིང་ལུ་ ཉམས་མྱོང་ཐོབ་མི་ཚུ་གིས་རྐྱངམ་ཅིག་ སེམས་དགའ་ཧིང་དེ་ཤེས་ཚུགས་ཟེར་ ཨ་ལུ་༡༠ གྱི་ཨ་པ་ སྐྱེས་ལོ་༧༢ ལང་མི་ སངས་རྒྱས་དབང་འདུས་ཀྱིས་ བཤདཔ་ཨིན་པས།
ཕྱི་མུང་རྒཔོ་ བསོད་ནམས་ཚེ་དབང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལཱ་འབད་ནི་ལུ་དུས་ཡུན་ལེ་ཤ་འགོར་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཏེ་ཨིན་ན་ མ་ཤེས་ཟེར་ཨིནམ་ད་ འཕྲལ་མགྱོགས་ར་ གློག་མེ་ཚད་སྤེལ་གྱི་དོན་ལུ་ ཏི་རུ་བསྡུ་ནིའི་ལོ་རྒྱུས་ཚུ་གོ་ཡོད་རུང་ ནམ་བསྡུ་ནི་ཨིན་ན་ མ་ཤེས་ཟེར་ཨིན་པས།
པདྨ་དགའ་ཚལ་གྲོང་གསེབ་ཀྱི་ གློག་མེ་ལས་ཁུངས་ཀྱི་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཕྱི་མུང་རྒེད་འོག་གིས་ མ་དོ་བར་ སྦས་ནང་དགོན་པ་དང་ སྤང་ཐང་གཡུས་ཚན་གྱི་ ཁྱིམ་གུང་པ་༤༠ ལུ་ཡང་ ལཱ་ཚུ་མཇུག་མ་བསྡུ་བར་བསྒུག་སྟེ་ ཡོད་ཟེར་ཨིནམ་ད་ ཕྱི་མུང་རྒེད་འོག་ནང་ བསྡོམས་ཀྱི་ཁྱིམ་གུང་༡༩༨ དེ་ཅིག་ཡོདཔ་ཨིན་པས།
རྟ་མགྲིན་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཕྱི་མུང་རྒེད་འོག་དེ་ ས་གནས་མཐའ་ཟུར་ཅིག་ནང་འབདཝ་ལས་ རྐང་སྟོང་སྦེ་འགྱོ་དགོཔ་མ་ཚད་ ཁག་འབགཔ་ཚུ་གིས་ གློག་མེའི་ཀཝ་དང་ གློག་ཐག་ཚུ་ ངང་ལམ་དང་ པདྨ་དགའ་ཚལ་བརྒྱུད་དེ་འོང་དགོ་ཟེར་ཨིན་པས།
ལཱ་འབད་མི་ མ་ལང་པའི་དཀའ་ངལ་གྱིས་ ཁོང་གི་ལཱ་གི་གནས་ཡུན་ལས་ལྷག་སྟེ་ ཕར་འགྱངས་སོངམ་མ་ཚད་ ཟླཝ་༡ དང་༢ ཀྱི་ནང་འཁོད་ གློག་མེ་ཚད་སྤེལ་འཕྲུལ་ཆས་ཀྱི་དོན་ལུ་ ཏི་རུ་བསྡུ་ཞིནམ་ལས་ ཕྱི་མུང་གི་གཡུས་ཚན་ནང་ གློག་མེ་བཀྲམ་སྤེལ་འབད་ནི་ ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment