གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དུང་དཀར་འབུབ་ ཀེ་ཇི་༥,༠༠༠ ལྷགཔ་ཅིག་ ས་དོང་ནང་ཨེབ་ཡོདཔ།

༡༠/༦/༢༠༡༣   ༉ མོང་སྒར་རྫོང་ཁག་ རྒྱལ་པོའི་ཞིང་ལུ་ དུང་དཀར་འབུབ་ལུ་བརྟེན་པའི་ བྱ་སྟབས་མ་བདེཝ་ཐོན་མི་ཚུ་ སེལ་ཐབས་ལུ་དམིགས་ཏེ་ ཁ་ཙ་ རྒྱལ་པོའི་ཞིང་དང་ གླིང་མེད་ཐང་ དེ་ལས་ ཀུ་རི་ཟམ་པའི་ས་ཁོངས་ཚུ་ལས་ དུང་དཀར་འབུབ་ ཀེ་ཇི་༥༠༠༠ ལྷགཔ་ཅིག་ ས་དོང་ནང་ བཙུགས་ཡོདཔ་ཨིན་པས།
རྒྱལ་པོའི་ཞིང་གི་ ཚོང་པ་དང་ སློབ་ཕྲུག་ ཁྲིམས་སྲུང་འགག་པ་ ཀུ་རི་ཆུ་གློག་མེ་ལས་འཛིན་གྱི་ལས་བྱེདཔ་ གླིང་མེད་ཐང་ལུ་སྡོད་མི་  བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱི་ ལས་བྱེདཔ་ཚུ་གིས་ མཉམ་རུབ་ཐོག་ལས་ དུང་དཀར་འབུབ་ཚུ་ བསྡུ་བསྒྱོམ་འབད་བའི་བསྒང་།


དུང་དཀར་འབུབ་ལུ་བརྟེན་ ད་རེས་ནངས་པ་ ས་ཁོངས་ཚུ་ནང་ སྟབས་མ་བདེཝ་ཐོན་དོ་ཡོདཔ་ལས་བརྟེན་ རྒྱལ་པོའི་ཞིང་གི་ཚོང་པ་དང་ རྒྱལ་པོའི་ཞིང་འབྲིང་རིམ་སློབ་གྲྭ་གོང་མ་ ཁྲིམས་སྲུང་ ཚོང་པ་ ཀུ་རི་ཆུ་གློག་མེ་ལས་འཛིན་གྱི་ལས་བྱེདཔ་ གླིང་མེད་ཐང་སྡོད་མི་དང་ ཚོང་པ་ སློབ་ཕྲུག་ དེ་ལས་ བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱི་ ལས་བྱེདཔ་ཚུ་གིས་ མཉམ་རུབ་ཐོག་ལས་ མི་གྲངས་༢༠༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཐོག་ལས་ བསྡུ་བསྒྱོམ་འབད་ཡོདཔ་ཨིན་པས།
ཁོང་གིས་ དུང་དཀར་འབུབ་བསྡུ་ནི་དེ་ཡང་ དྲོ་པའི་ཆུ་ཚོད་ཕྱེད་དང་༦ དེ་ཅིག་ལས་ འགོ་བཙུགས་ཡོདཔ་ད་ དེ་ཡང་ འབུབ་དེ་གིས་ གནམ་ནུབ་མོ་དང་ དྲོ་པ་མ་གཏོགས་ ཉིན་མའི་དུས་ཚོད་ལུ་ ཕྱི་ཁར་ཐོན་མ་བཏུབ་མི་ལུ་བརྟེན་ བསྡུ་བསྒྱོམ་འབད་ནི་ལུ་ཡང་ གདོང་ལེན་སྦོམ་ཡོདཔ་ལས་ མི་ཚུ་ ཚོད་བསྲེ་ལྡུམ་རའི་ ལཱ་ཚུ་འབད་མི་ཚུགས་དོ་ཡོདཔ་ལས་ དབུགས་འགམ་བྱུང་དོ་ཡོདཔ་ཨིན་པས།
དེ་ཡང་ འབུབ་དེ་གིས་ ཐ་ན་ རྩི་ས་ལས་འགོ་བཟུང་སྟེ་ བཟའ་དོ་ཡོདཔ་ལས་ ལོ་ཐོག་ག་ཅི་ལུ་ཡང་ གནོད་པ་རྐྱབ་དོ་ཡོདཔ་ལས་ འབུབ་དེ་ ད་ལྟོ་ལས་ ཐབས་ཤེས་སྣ་ཚོགས་ཀྱི་ཐོག་ལས་ རྩ་མེད་བཏང་མ་ཚུགས་པ་ཅིན་ མ་འོངས་ལོ་དག་པ་ཅིག་གི་རྒྱབ་ལས་ གཡུས་སྒོ་ཚུ་ནང་ ལྷོད་ནི་ཨིནམ་ལས་ མི་སེར་ཚུ་གིས་འབད་རུང་ རྩ་མེད་གཏང་ཚུགས་པའི་ཐབས་ཤེས་ལུ་ དེ་བཟུམ་གྱི་ ལས་རིམ་འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
རྒྱལ་པོའི་ཞིང་ལུ་སྡོད་མི་ཚུ་གིས་ སླབ་མིའི་ནང་ དུང་དཀར་འབུབ་ལུ་བརྟེན་ ལྡུམ་རའི་ལཱ་ ག་ནི་ཡང་འབད་ཐབས་མིན་འདུག་ཟེར་ཨིནམ་ད་ དེ་ཡང་ འབུབ་དེ་གིས་ མ་བཟའཝ་ག་ནི་ཡང་མེདཔ་ལས་ ཚོད་བསྲེ་ཚུ་ ཁྲོམ་ཁ་ལས་ར་ ཉོ་བཟའ་དགོཔ་ཐོནམ་མས་ཟེར་སླབ་ཨིན་པས།
རྒྱལ་པོའི་ཞིང་ཁྲོམ་གྱི་འཐུས་མི་ མགོན་པོ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ དེ་བཟུམ་གྱི་ དུང་དཀར་འབུབ་ཐོན་ནི་དེ་ ས་ཁོངས་དེ་ནང་ འདས་པའི་ ལོ་༥ དེ་ཅིག་གི་ཧེ་མ་ལས་ མཐོང་ཡོདཔ་ལས་ཚུར་ རྒྱལ་པོའི་ཞིང་འབྲིང་རིམ་གོང་མའི་ སློབ་ཕྲུག་ཚུ་གིས་འབད་རུང་ རྩ་མེད་གཏང་ཐབས་ལུ་དམིགས་ཏེ་ ས་གདོང་ནང་བཙུགས་ཡི་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་ སླབ་མིའི་ནང་ འབུབ་དེ་ ལོ་བསྟར་བཞིན་དུ་ མར་ཉམས་འགྱོ་ནི་མེན་པར་ ཡར་སེང་འགྱོ་དོ་ཡོདཔ་ལས་ གདོང་ལེན་སྦོམ་བྱུང་དོ་ཡོདཔ་ད་ རང་བཞིན་གནས་སྟངས་མ་ཚད་ མཐའ་འཁོར་གཙང་སྦྲ་ལུ་ཡང་ གནོད་པ་སྦོམ་ཡོདཔ་ལས་ དེ་བཟུམ་གྱི་འབུབ་དེ་ གཡུས་སྒོ་ཚུ་ནང་ལྷོད་པ་ཅིན་ སོ་ནམ་ཐོན་སྐྱེད་ཚུ་ ཤུགས་འབད་ར་ མེདཔ་གཏང་ནི་མས་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་སླབ་མིའི་ནང་ འདས་པའི་ལོ་ཚུ་ནང་ཡང་ འབུབ་དེ་ རྩ་མེད་གཏང་ཐབས་ལུ་ རྫོང་ཁག་གི་འགོ་དཔོན་དང་ ཝེང་མཁར་རང་བཞིན་སླར་འབྱུང་ཐོན་སྐྱེད་ཞིབ་འཚོལ་ལྟེ་བ་གིས་ཡང་ ཐབས་ཤེས་ཚུ་བཏོན་ཡི་ཟེར་ཨིནམ་ད་ འདས་པའི་ལོ་ཚུ་ནང་ དུང་དཀར་འབུབ་ སྣུམ་འཁོར་ཌི་སི་ཨེམ་ཊཱག་༢ དེ་ཅིག་ ས་དོང་ནང་བཙུགས་ཡོད་རུང་ ལོ་བསྟར་བཞིན་དུ་ མང་སུ་ཐོན་དོ་ཡོདཔ་ལས་ ཐབས་ཤེས་གང་དྲག་ བཏོན་དགོཔ་འདུག་ཟེར་ཨིན་པས།
རྒྱལ་པོའི་ཞིང་ལུ་སྡོད་མི་ཅིག་གི་ བསམ་འཆར་ལས་འབད་བ་ཅིན་ འབུབ་དེ་ ལགཔ་གིས་རེ་རེ་བཞིན་དུ་ འཐུ་སྡོད་པ་ཅིན་ རྩ་མེད་གཏང་ཚུགས་པའི་ གནས་སྐབས་ཅིག་མེན་པས་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ རྩྭ་ཚུ་བཏོགས་ཞིནམ་ལས་ མེ་གཏང་པ་ཅིན་ཕན་ཐོགས་པའི་ཐབས་ལམ་ཅིག་ མཐོངམ་མས་ཟེར་ཨིནམ་ད་ དེ་ཡང་ ས་ཁོངས་ཆ་མཉམ་ནང་ ལགཔ་གིས་ ལྷོད་མ་ཚུགས་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
དེ་བཟུམ་གྱི་ ཚོང་པ་ལ་ལུ་ཅིག་གིས་ སླབ་མིའི་ནང་ འབུབ་རྩ་མེད་གཏང་ནི་དེ་ སྨན་ཆུ་གཏོར་ནི་ཡོད་པ་ཅིན་ དྲག་ནི་མས་ཟེར་ཨིནམ་མ་ཚད་ རྒྱལ་པོའི་ཞིང་ལུ་ཡོད་མི་ སའི་ཇོ་བདག་ཚུ་གིས་ཡང་ རང་སོའི་ ས་ཆ་ནང་ རྩྭ་སྐྱེས་ཡོད་མི་ཚུ་བཏོགས་ཏེ་ སྤྱི་རུབ་ཐོག་ལས་ ལཱ་འབད་བ་ཅིན་ དྲག་ནི་མས་ཟེར་ཨིནམ་ད་ ད་རེས་ནངས་པ་ ས་ཁོངས་ཆ་མཉམ་ནང་ལས་ དུང་དཀར་འབུབ་འཐུ་མ་ཚུགས་མི་དེ་ཡང་ ས་ཁོངས་ལ་ལུ་ཅིག་ནང་ ཚལ་མ་ཡོདཔ་ལས་བརྟེན་ ཨིན་ཟེར་ཨིན་པས།
རྒྱལ་པོའི་ཞིང་གི་ཁྲོམ་ཁར་ དུང་དཀར་འབུབ་མཐོང་མི་དེ་ཡང་ སྤྱི་ལོ་༢༠༠༨ ལས་ འགོ་བཙུགས་ཡོདཔ་ད་ དེ་ཡང་ རྒྱལ་པོའི་ཞིང་འབྲིང་རིམ་སློབ་གྲྭ་གོང་མའི་ ས་ཁོངས་ནང་ཐོནམ་ལས་ཚུར་ དར་ཁྱབ་འགྱོ་ནི་འགོ་བཙུགས་ཅི་ཟེར་ མི་ཚུ་གིས་ སླབ་ཨིན་པས།
སོ་ནམ་ལྷན་ཁག་གི་ གནས་ཚུལ་གསར་བཏོན་ཅིག་དང་འཁྲིལ་བ་ཅིན་ དུང་དཀར་འབུབ་དེ་ འཛམ་གླིང་ནང་ གནོད་པ་བཀལ་མི་འབུབ་༡༠༠ གི་གྲས་ལས་༡ ཨིནམ་ད་ འབུབ་དེ་གི་ སྦོམ་ཚད་དེ་ སེན་ཊི་མི་ཊར་༢ དེ་ཅིག་འོང་ནི་དང་ ལོ་རེ་ནང་ སྒོང་རྡོག་༡༠༠༠ ལས་༡༢༠༠ བུད་དོ་ཡོདཔ་ད་ དེ་ལས་ ཚེ་ཚད་དེ་ ལོ་༡༠ དེ་ཅིག་ ཐུབ་པས་ཟེར་ཨིན་པས།
ཨིན་རུང་ ད་རེས་ནངས་པ་ དུང་དཀར་འབུབ་ཚུ་ལུ་བརྟེན་ རྒྱལ་པོའི་ཞིང་གི་ས་ཁོངས་ནང་ སྟབས་མ་བདེཝ་ཐོན་དོ་ཡོདཔ་ལས་བརྟེན་ སོ་ནམ་ལྷན་ཁག་འོག་གི་ འབྲུག་སོ་ནམ་དང་ བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱི་ འགོ་དཔོན་དག་པ་ཅིག་ རྒྱལ་པོའི་ཞིང་ལུ་ ཁ་ཙ་ཕྱི་རུ་ཁམས་ཅིག་ཁར་ ལྷོད་ཡོདཔ་ཨིན་པས།
ཁོང་འགོ་དཔོན་ཚུ་གིས་ ཟླ་ངོ་༡ དེ་ཅིག་གི་རིང་ རྒྱལ་པོའི་ཞིང་ལུ་སྡོད་ཞིནམ་ལས་ འབུབ་དེ་གི་སྐོར་ལས་ ལེགས་ཤོམ་འབད་ཞིབ་དཔྱད་འབད་ནི་ཨིནམ་ད་ དུང་དཀར་འབུབ་ཚུ་ ག་ཏེ་ལས་ཐོན་དོ་ཡོདཔ་ཨིན་ན་དང་ ཐོན་སའི་ས་ཁོངས་ཚུ་ནང་ ཞིབ་དཔྱད་མཐིལ་ཕྱིན་འབད་ནི་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment