གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༡༠/༦/༢༠༡༣   རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ཚུ་ལུ་བརྩི་མཐོང་།
༉ ད་རེས་ནངས་ར་ སྤྱིར་བཏང་བཙག་འཐུ་དང་འབྲེལ་བའི་ འུར་སྒྲ་སྦོམ་ལང་པའི་ ནམ་དུས་ལུ་ སྲིད་དོན་ཚོགས་པ་ཚུ་གི་བར་ན་ གཅིག་གིས་གཅིག་ལུ་ དམའ་ཕབ་རྐྱབ་ནི་དང་ ཁ་གཏང་ནི་ དེ་ལས་ ཁ་ཉེས་བཀལ་ནི་ འགོ་བཙུགས་མི་དེ་གིས་ འབྲུག་གི་སྲིད་དོན་གནས་སྟངས་དེ་ ངན་ལྷད་ཞུགས་དོ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས།


མ་གཞི་ དམངས་གཙོའི་རིང་ལུགས་ནང་ སྲིད་དོན་དང་ སྲིད་ཚོགས་ཚུ་ ངན་ལྷད་ཞུགས་ནི་དེ་ དམངས་གཙོ་ཅན་གྱི་ རྒྱལ་ཁབ་ཚུ་ནང་ རང་བཞིན་ཅན་ཅིག་ཨིནམ་སྦེ་ སྤྱིར་བཏང་གི་ མནོ་ལུགས་ཨིན་རུང་ འབྲུག་གི་དམངས་གཙོའི་རིང་ལུགས་འདི་ འཛམ་གླིང་ནང་ གསརཔ་ཅིག་ཨིནམ་མ་ཚད་ ཐུན་མོང་མ་ཡིན་པའི་ ཁྱད་ཆོས་ཅིག་སྦེ་ གོང་འཕེལ་གཏང་ནི་ལུ་ གཙོ་རིམ་བཟུངམ་ཨིན།
འབྲུག་གི་དམངས་གཙོའི་བྱ་རིམ་འདི་ འཛམ་གླིང་ནང་ ཁྱད་ཆོས་མ་འདྲ་མི་དེ་ཡང་ རྒྱལ་ཁབ་གཞན་ཚུ་ནང་ དམངས་གཙོའི་རིང་ལུགས་ གཞི་བཙུགས་འབད་དགོ་མི་དེ་ཡང་ མི་སེར་ཚུ་གིས་ ངོ་རྒོལ་འགྲེམ་སྟོན་དང་ དམག་འཁྲུག་ ནང་འཁྲུག་ལོངས་ཐོག་ལས་  མི་མང་ལུ་ གཞུང་སྐྱོང་གི་ དབང་ཚད་ཕྱིར་སྤེལ་གནང་དགོ་པའི་ བློ་འདོད་བཀོད་མི་དང་འཁྲིལ་ཨིན་རུང་ རྒྱལ་ཁབ་འདི་ནང་ མི་སེར་ལས་ འཇིགས་སྐྲག་དང་ རྒྱུད་བསྐུལ་ བློ་འདོད་ག་ནི་ཡང་མེད་པར་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ འཛམ་གླིང་ནང་ ལམ་ལུགས་མེད་པའི་ སྲོལ་ཁྱུན་བཟང་པོ་ དབུ་འཛུགས་གནང་ཡི།
སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ཟིན་བྲིས་སྐོར་ མི་སེར་ཚུ་དང་ གྲོས་བསྟུན་གནངམ་ད་ ཁྱིམ་མཚེས་རྒྱལ་ཁབ་ཚུ་ནང་ དམངས་གཙོའི་བྱ་རིམ་ལས་བརྟེན་པའི་ དཀའ་ངལ་དང་ དཀའ་སྡུག་ ནང་འཁྲུག་ཐོན་ཡོད་པའི་ ཉམས་མྱོང་ངན་པ་ཚུ་ལུ་ལྟ་སྟེ་ འབྲུག་ལུ་ གཞུང་སྐྱོང་ལམ་ལུགས་ལེགས་ཤོམ་མེད་མི་ དམངས་གཙོའི་རིང་ལུགས་ གཞི་བཙུགས་རྩ་ལས་ར་ གནང་ནི་མི་འོང་ཟེར་ གསོལ་འདེབས་ནན་བསྐྱར་དུ་ ཕུལ་ཡོད་རུང་ སྙན་གསན་མ་བཏུབ་མི་དེ་ ཀུན་གྱིས་མ་མཁྱེནམ་མེདཔ་ཨིན།
དེ་བསྒང་ ལུང་བསྟན་ཅན་གྱི་རྒྱལཔོ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ དམངས་གཙོའི་རིང་ལུགས་འདི་ རྒྱལ་ཁབ་ནང་ མི་སེར་ཚུ་ དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་སྦེ་ སྡོད་པའི་ནམ་དུས་ལུ་ གཞི་བཙུགས་འབད་བ་ཅིན་ འོས་འབབ་དང་ལྡན་དོ་ཡོདཔ་ལས་ ངོ་རྒོལ་དང་ ཉེན་འཚུབས་གནས་སྟངས་འཐོན་ནི་ལུ་ སྒུག་ནི་མི་འོང་ཟེར་ བཀའ་སློབ་ཡང་ལས་ཡང་དུ་ གནང་ཡོདཔ་ཨིན།
ད་རིས་འབདཝ་ད་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ གཞི་བཙུགས་འབད་དེ་ ལོ་༥ ལྷག་སོཔ་ལས་ སྲིད་དོན་ཚོགས་པ་དང་ མི་སེར་ཚུ་གིས་ དམངས་གཙོའི་གཞི་འགྱམ་ ལྷག་པར་དུ་ རྩ་བརྟན་དང་ སྒྲིང་སྒྲིང་བཟོ་ནི་ དེ་ལས་ མི་དབང་ཡབ་སྲས་རྣམ་གཉིས་ཀྱི་ ཐུགས་དགོངས་འགྲུབ་ཐབས་ལུ་ ལྷག་པར་དུ་ འགན་ཁུར་ལྕི་དྲགས་འབག་དགོཔ་ཨིན།
འདི་འབདཝ་ད་ སྤྱི་ཚོགས་གཉིས་པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུ་ འགོ་འདྲེན་འཐབ་ནི་ལུ་ དུས་ཡུན་ཟླཝ་༡ རྐྱངམ་གཅིག་ལས་བརྒལ་མེད་རུང་ སྲིད་དོན་ཚོགས་པ་ཚུ་གི་ ནང་འཁོད་ལུ་ སྐྱོན་བརྗོད་དང་ ཁ་བཏང་མི་དེ་གིས་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ སེམས་ཕམ་བྱུང་པའི་ གཞི་དོན་ཅིག་ལུ་ གྱུར་དོ་ཡོདཔ་ལས་ སྲིད་ཚོགས་ཚུ་གི་ མིང་གནས་དང་ བསམ་པ་སེམས་བསྐྱེད་ གཞི་རྩ་ཚུ་ལུ་ དོགས་ཟོན་བསྐྱེདཔ་ཨིན་མས།
སྲིད་དོན་ཚོགས་པ་ཚུ་ གནད་དོན་ཕྱམ་ཕྱིམ་དང་ རྒྱལ་ཁབ་ལུ་ ཕན་འབྲས་མེད་པའི་ གནད་དོན་ཚུ་ནང་ འབྲེལ་འཛིན་འབད་ནི་མིན་པར་ རྒྱལ་ཁབ་དང་ མི་སེར་གྱི་ འཕྲལ་ཕུགས་གཉིས་ཆ་ར་ལུ་ ཕན་ཐོགས་ཡོད་པའི་སྐོར་ གྲོས་བསྡུར་གནང་དགོཔ་དེ་ ག་ནི་བ་གལ་ཆེ།
འདི་འབདཝ་ལས་ སྲིད་དོན་ཚོགས་པ་ཚུ་གིས་ རང་དོན་རྒྱབ་སྐྱུར་ཐོག་ལས་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ཚུ་ལུ་ གཙོ་རིམ་བཟུང་ནི་གི་ ཐུགས་བཞེད་གནང་དགོཔ་འདུག་ཟེར་ ཞུ་ནི་ཨིན།

No comments:

Post a Comment