གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞལམ་སྒང་ལུ་ སྒོང་རྡོག་བཙོང་མ་ཚུགས་པའི་དཀའ་ངལ།

༡༠/༦/༢༠༡༣   ༉ གཞལམ་སྒང་རྫོང་ཁག་ནང་ བྱ་གསོ་སྐྱོང་འཐབ་མི་ཚུ་གིས་ ལོ་ངོ་༣ དེ་ཅིག་གི་ཧེ་མ་འབད་བ་ཅིན་ སྒོ་རྡོག་ཚུ་བཙོང་སྟེ་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་ཡོདཔ་ཨིན་རུང་ ད་རེས་ སྒོང་རྡོག་ཚུ་གི་ གོང་ཚད་མ་ཐོབ་པའི་ཁར་ ཚོང་འབྲེལ་འཐབ་མ་ཚུགས་པའི་ དཀའ་ངལ་ཚུ་ བྱུང་དོ་ཡོདཔ་ཨིན་པས།
དྭགས་འཕེལ་གཡུས་ཚན་གྱི་ བྱ་གསོ་སྐྱོང་ཁང་།


དེ་ལུ་ མི་མང་ཤོས་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ དཀའ་ངལ་ཐོན་མི་དེ་ཡང་ རྫོང་ཁག་ནང་ བྱ་གསོ་སྐྱོང་འཐབ་མིའི་གྱངས་ཁ་ ཡར་སེང་འགྱོ་མི་དང་ ས་གནས་གཞན་ཚུ་ནང་གི་ སྒོང་རྡོག་ཚུ་ ཁྲོམ་ཁར་ གོང་ཚད་མར་ཕབ་ཐོག་ལས་ བཙོང་དོ་ཡོད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ནང་བསྐོར་རྒེད་འོག་ དྭགས་འཕེལ་ལས་ བྱ་གསོ་སྐྱོང་འཐབ་མི་ སྐྱེས་ལོ་༣༩ འབད་མི་ སངས་རྒྱས་ལྷ་སྒྲོན་གྱིས་སླབ་མིའི་ནང་ འདས་པའི་ཟླ་ངོ་དག་པ་ཅིག་ལས་ བྱའི་གཟནམ་གྱི་གོང་ཚད་ཚུ་ ཡར་སེང་འགྱོ་བའི་ཁར་ རང་གི་རེ་འདོད་དང་འཁྲིལ་ གོང་ཚད་འཐོབ་མ་ཚུགས་མི་བརྟེན་ སྒོང་རྡོག་བཙོང་ནི་ལུ་ དཀའ་ངལ་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ སྒོང་རྡོག་ཚུ་ གཞལམ་སྒང་ཁྲོམ་ཁར་ བཙོང་པར་འབག་པའི་སྐབས་ ཚོང་པ་ཚུ་གིས་ སྒོང་རྡོག་རེ་ལུ་ དངུལ་ཀྲམ་༧ རེ་འབད་ དགོ་ཟེར་སླབ་དོ་ཡོདཔ་ད་ དངུལ་ཀྲམ་༧ རེ་འབད་བཙོང་པའི་སྐབས་ དངུལ་ཀྲམ་༦ ལུ་ མར་ཕབ་འབད་དགོཔ་སྦེ་ སླབ་མས་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ བྱའི་གཟནམ་ཀེ་ཇི་༥༠ རེ་ལུ་ དངུལ་ཀྲམ་༡,༣༥༠ རེ་སྦེ་ ཐོབ་ཨིན་རུང་ ཟླ་ངོ་དག་པ་ཅིག་གི་ཧེ་མ་ལས་ དངུལ་ཀྲམ་༡,༤༧༠ ལུ་ ཡར་སེང་སོང་ཡི་ཟེར་ སངས་རྒྱས་ལྷ་སྒྲོན་གྱིས་ སླབ་ཨིན་པས།
མོ་གིས་ སྒོང་རྡོག་ཚུ་ བཙོང་ཚུགས་པ་ཅིན་ གཞལམ་སྒང་ཁྲོམ་ཁའི་ ཚོང་པ་ཚུ་ལུ་བཙོང་དོ་ཡོདཔ་ཨིན་རུང་ བཙོང་མ་ཚུགས་པ་ཅིན་ ཁྱིམ་གྱི་སྒོ་བཤལ་ཏེ་ བཙོང་དོ་ཟེར་ཨིན་པས།
མ་གཞི་མོ་གིས་ བྱ་གསོ་སྐྱོང་ཁང་ འགོ་བཙུགས་པའི་སྐབས་ བྱམོ་༡༠༠ དེ་ཅིག་ གསོ་སྐྱོང་འབད་ཡོདཔ་ཨིན་རུང་ གྲོས་ཀྱིས་བཏང་༦༧ ལུ་ མར་འབབ་སོང་པའི་ཁར་ རི་ཁའི་སེམས་ཅན་ ཞི་དང་ཀ་གིས་ བདུན་ཕྲག་༢ དེ་ཅིག་གི་ཧེ་མ་ བྱམོ་༣༧ སྟབས་ཅིག་ཁར་ བསད་དཔ་ལས་ ད་རེས་ ལྷག་ལུས་༢༥ ལས་ མེད་ཟེར་ཨིན་པས།
བྱ་གསོ་སྐྱོང་ལུ་བརྟེན་པའི་ ཚོང་འབྲེལ་དེ་ ལེགས་ཤོམ་ཅིག་ མ་མཐོང་མི་ལུ་བརྟེན་ ད་ལས་ཕར་ བྱམོ་ཧེང་བཀལ་བཙུགས་ནིའི་ འཆར་གཞི་མེདཔ་ཨིན་པས།
ཀྲོང་རྒེད་འོག་ དྭངས་གར་གཡུས་ཚན་ལས་ བྱ་གསོ་སྐྱོང་འཐབ་མི་ ཀུན་བཟང་ཡེ་ཤེས་ཀྱིས་ བཤད་མིའི་ནང་ རྫོང་ཁག་ནང་ སྒོང་རྡོག་བཙོང་མ་ཚུགས་པའི་དཀའ་ངལ་དེ་ ངེས་པར་དུ་ཡོདཔ་ད་ དེ་ཡང་ གཡུས་སྒོའི་ བྱ་གསོ་སྐྱོང་འཐབ་མི་ཚུ་གི་གྲས་ཁར་ ཚོང་འབྲེལ་འཐབ་མི་ ཚོགས་པ་ཅིག་ མེད་མི་ལུ་བརྟེན་ ཨིནམ་བཟུམ་ཅིག་ མཐོངམ་མས་ཟེར་ཨིན་པས།
ཁོ་གིས་ཡང་ ལོ་ངོ་༣ དེ་ཅིག་གི་ཧེ་མ་ བྱ་གསོ་སྐྱོང་ཁང་ གཞི་བཙུགས་འབད་བའི་སྐབས་ བྱམོ་༡༠༠ ལྷགཔ་ཅིག་ མཁོ་གྲུབ་འབད་ཡོདཔ་ཨིན་རུང་ ད་རེས་༥༠ དེ་ཅིག་ལས་བརྒལ་ མེད་ཟེར་ཨིན་པས།
འགོ་དང་པ་ བྱ་གསོ་སྐྱོང་འབད་བའི་སྐབས་འབད་བ་ཅིན་ སྒོང་རྡོག་རེ་ལུ་ དངུལ་ཀྲམ་༡༢ རེ་སྦེ་ཡང་ བཙོང་ཡོདཔ་ཨིན་རུང་ ད་རེས་ མི་ཅིག་གིས་ སྒོང་རྡོག་རེ་ལུ་ དངུལ་ཀྲམ་༧ སྦེ་བཙོང་པ་ཅིག་ གཞན་ཚུ་གིས་ དངུལ་ཀྲམ་༥ རེ་སྦེ་ བཙོངམ་མ་ཚད་ གོང་ཚད་ཉུང་དྲགས་སྦེ་བཙོང་མི་ རྫོང་ཁག་གཞན་ཚུ་ལས་ སྒོང་རྡོག་ཚུ་ཡང་ ལེ་ཤ་ཅིག་ར་ གཞལམ་སྒང་ལུ་ ལྷོདཔ་མས་ཟེར་ཨིན་པས།
ཁོ་གི་བྱམོ་ལ་ལུ་ཅིག་ དེ་སྦེ་ར་ཤི་ཡོདཔ་ད་ ལ་ལུ་ཅིག་ ཁོང་ར་ཅིག་གིས་ལུ་ གསོ་བཏབ་སྟེ་ རྒྱུ་མ་ནང་འཁྲོད་ཚུ་ བཏོན་བཟའ་དོ་ཡོདཔ་མི་ལུ་བརྟེན་ ཤི་ཚར་ཡི་ཟེར་ཨིན་པས།
དེ་དང་འཁྲིལ་ ད་ལས་ཕར་ བྱ་ལྷག་ལུས་ཚུ་རྐྱངམ་གཅིག་ ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་སྟེ་ དེ་ཚུ་ ཤི་ཚར་བའི་བསྒང་ལས་ བྱ་གསོ་སྐྱོང་གི་ལཱ་དེ་ བཤོལ་བཞག་འབད་ནི་ལུ་ མནོ་བསམ་བཏང་དོ་ཟེར་ སྐྱེས་ལོ་༤༤ འབད་མི་ ཕོ་སྐྱེས་དེ་གིས་ སླབ་ཨིན་པས།
རྫོང་ཁག་སྒོ་ནོར་འགོ་དཔོན་འོག་མ་ ཚེ་དབང་ནོར་བུ་གིས་སླབ་མིའི་ནང་ ད་རེས་ནངས་པར་ རྫོང་ཁག་ནང་ སྒོང་རྡོའི་གོང་ཚད་ མར་འབབ་སོང་སྟེ་ཡོདཔ་ཨིན་རུང་ མི་སེར་ཚུ་གི་ བྱམོ་གསོ་སྐྱོང་ཟད་འགྲོ་དང་ཕྱདཔ་ད་ མཐོ་སུ་སྦེ་ར་ ཡོད་ཟེར་ཨིན་པས།
ད་རེས་ཁམས་ རྩིང་རྫོང་ཁག་ལས་ སྒོང་རྡོག་ཚུ་ རྫོང་ཁག་ནང་ གོང་ཚད་མར་ཕབ་ཐོག་ལས་ བཙོང་ཡོདཔ་པའི་ ལོར་རྒྱུས་ཚུ་ཡོདཔ་ལས་ ག་དེམ་ཅིག་སྦེ་ མདོ་འགྲན་དེ་ འཕྲོ་མཐུད་དེ་ར་གནས་པ་ཅིན་ སྡེ་ཚན་གྱིས་ ཐབས་ལམ་ཚུ་བཏོན་ཐོག་ལས་ རྫོང་ཁག་གཞན་ལས་ལྷོད་མི་ སྒོང་རྡོག་ཚུ་དང་ཕྱདཔ་ད་ ས་གནས་ཀྱི་སྒོང་རྡོག་ཚུ་ར་ ཧེ་མ་བཙོང་ཚུགསཔ་ བཟོ་ནི་ཨིན་ཟེར་ཨིན་པས།
ཨིན་རུང་ སྒོང་རྡོག་བཙོང་མ་ཚུགས་པར་ རྒྱ་ཆེ་དྲགས་སྦེ་ལུས་པའི་ དཀའ་ངལ་ཚུ་ མེདཔ་མ་ཚད་ མི་སེར་ཚུ་གིས་ བྱ་མཁོ་འདོད་ཚུ་ཡང་ གྱངས་ཁ་ཡར་སེང་ཐོག་ ཐོན་ཏེ་ར་ ཡོད་ཟེར་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment