གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཕྲུལ་གླང་པ་ཝར་ཊི་ལར་གྱི་ལམ་ ག་གིས་ཉམས་བཅོས་འབད་དགོཔ་ཨིན་ན?

༡༠/༦/༢༠༡༣   ༉ གཞལམ་སྒང་རྫོང་ཁག་ ཕུ་ཊུ་ལུངམ་ལས་སྦེ་ རྫོང་གི་འོག་ལས་མར་ཡོད་པའི་ ཏིང་སྦིས་པཱམ་དང་ བཀྲིས་འཕེལ་པཱམ་ཚུ་ནང་ ཞིང་རྨོ་འཕྲུལ་པ་ཝར་ཊི་ལར་གྱི་ལམ་ ཁག་༢ བསལ་ཡོདཔ་ཨིན་རུང་ ས་རུད་ཚུ་ལུ་བརྟེན་ མི་སེར་ཚུ་གིས་ ལམ་ཚུ་ ལག་ལེན་འཐབ་མི་ཚུགས་དོ་ཡོདཔ་སྦེ་ སླབ་ཨིན་པས།
ཏིང་སྦིས་པཱམ་གཡུས་ཚན།


མི་སེར་ཚུ་གིས་འབད་བ་ཅིན་ པ་ཝར་ཊི་ལར་གྱི་ལམ་ཚུ་ ས་རུད་ཀྱིས་ མེདཔ་བཏང་ཡོད་པའི་ཁར་ ས་ཁོངས་ལ་ལུ་ཅིག་ནང་ ཞིང་རྨོ་འཕྲུལ་ཚུ་ བྱ་སྟབས་བདེ་ཏོག་ཏོ་སྦེ་ འགྲོ་འགྲུལ་འབད་མི་ཚུགས་དོ་ཡོདཔ་ལས་ རྒེད་འོག་གི་ཁ་ཐུག་ལས་ ཉམས་བཅོས་འབད་གནང་པ་ཅིན་ བཀའ་དྲིན་ཆེ་ནི་མས་ཟེར་ཨིན་པས།
མ་གཞི་ མི་སེར་ཁོང་ར་ལུ་ ཕན་ཐོགས་འབྱུང་ནི་ལུ་དམིགས་ཏེ་ ཁོང་ར་གིས་ ཉམས་བཅོས་འབད་ནི་ལུ་ དཔའ་བཅམ་དོ་ཡོདཔ་ཨིན་རུང་ ལཱ་འབད་མི་མ་ཐོབ་པའི་ དཀའ་ངལ་བྱུང་དོ་ཡོདཔ་ད་ ཨིན་རུང་ འཕྲུལ་ཆས་ཚུ་ ངེས་པར་དུ་ ལག་ལེན་འཐབ་དགོཔ་འདུག་ཟེར་ཨིན་པས།
མི་སེར་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཏིང་སྦིས་མ་ལྷོད་པའི་ས་གནས་ ཁེ་སྦིས་ཟེར་ས་ལས་ སྣུམ་འཁོར་ཚུ་མ་ཐལ་བའི་ཁར་ ཐ་ན་ པ་ཝར་ཊི་ལར་ཚུ་ཡང་ མཇུག་ཏོ་ཕུད་དེ་ མགུ་ཏོ་རྐྱངམ་གཅིག་སྦེ་ བདའ་འགྱོ་དགོ་ཟེར་ཨིནམ་ད་ བཀྲིས་འཕེལ་གྱི་ལམ་དེ་ཡང་ ས་རུད་ཀྱིས་ བསུབས་ཏེ་ཡོད་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ད་རེས་ཀྱི་ སྨན་ཁང་གསརཔ་ལས་ དྭངས་མཁར་འགྱོ་ནིའི་ པ་ཝར་ཊི་ལར་ལམ་དེ་ཡང་ བསལ་ཡོདཔ་ཨིན་རུང་ དེ་ཡང་ ལག་ལེན་འཐབ་མ་ཚུགས་པར་ ལུས་ཏེ་ཡོད་ཟེར་ཨིན་པས།
དེ་མ་ཚད་ མི་སེར་ལ་ལུ་ཅིག་གིས་འབད་བ་ཅིན་ འཁོར་ལམ་ཚུ་བསལ་ཏེ་ ལོ་ངོ་མང་རབས་ཅིག་ སོང་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ མི་སེར་ཚུ་ལུ་ རྩིས་སྤྲོད་མ་འབད་བར་ ཡོད་པའི་སྐོར་ལས་ཡང་ སླབ་ཨིན་པས།
དེ་བཟུམ་མའི་ ལམ་སེལ་མི་དེ་ཡང་ ཀྲོང་གཡུས་ཚན་གྱི་ མི་སེར་གྱི་ཆུ་ཞིང་ཚུ་ ས་གནས་དེ་ཚུ་ནང་ཡོདཔ་ལས་ ཧེ་མ་འབད་བ་ཅིན་ རེད་ཚུ་འབག་སྟེ་ གཞལམ་སྒང་འབྲིང་རིམ་སློབ་གྲྭ་གོང་མ་ལས་ཡར་སྦེ་ འཐོན་དགོ་པའི་ དཀའ་ངལ་ཚུ་ལུ་བརྟེན་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་ ཀརྨ་བསྟན་འཛིན་གྱིས་ སླབ་མི་དང་འཁྲིལཝ་ད་ ད་རེས་ཀྱི་གནས་སྟངས་ནང་ སོ་ནམ་སྡེ་ཚན་ལུ་ གཙོ་རིམ་དང་འཁྲིལ་བའི་ ལཱ་འབད་དགོཔ་ ལེ་ཤ་ཡོདཔ་བཞིན་དུ་ ཧེ་མ་ལས་ བསལ་བཞག་མི་ལམ་ཚུ་ ལག་ལེན་འཐབ་མ་བཏུབ་པ་ཅིན་ མི་སེར་ཁོང་ར་གིས་འབད་ར་ ལེགས་བཅོས་འབད་དགོཔ་ད་ ག་དེམ་ཅིག་སྦེ་ གནོད་སྐྱོན་སྦོམ་སྦེ་ར་ འབྱུང་པ་ཅིན་ རྫོང་ཁག་གིས་ ཆ་རོགས་འབད་དགོཔ་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་རེས་ཀྱི་ སྨན་ཁང་གསརཔ་རྐྱབ་ས་ལས་ ཏིང་སྦིས་ཚུན་ པ་ཝར་ཊི་ལར་ལམ་ ཀི་ལོ་མི་ཊར་༣.༤ དང་ བཀྲིས་འཕེལ་པཱམ་ཚུན་ ཀི་ལོ་མི་ཊར་༤.༥ ཡོདཔ་མ་ཚད་ ལམ་དེ་ཚུ་ ད་ལྟོའི་ པ་ཝར་ཊི་ལར་ལམ་གྱི་ ཚད་གཞི་དང་ཕྱདཔ་ད་ སྦོམ་སུ་སྦེ་ བསལ་ཏེ་ཡོདཔ་ལས་ ཐ་ན་ སྣུམ་འཁོར་ཚུ་ཡང་ འགྱོ་ཚུགས་ཟེར་ཨིན་པས།
ཀརྨ་བསྟན་འཛིན་གྱིས་ བཤད་མིའི་ནང་ འཁོར་ལམ་དེ་ཚུ་ སྤྱི་ལོ་༢༠༠༦ དང་༢༠༠༧ ལུ་བསལ་ཡོདཔ་ད འཁོར་ལམ་ཚུ་བསལ་ཚར་བའི་ཤུལ་ལུ་ མི་སེར་ལུ་ རྩིས་སྤྲོད་འབད་ནི་དེ་ ལམ་ལུགས་ཅིག་ཨིནམ་ལས་ ཧེ་མའི་ སོ་ནམ་འགོ་དཔོན་གྱིས་ མི་སེར་ལུ་ རྩིས་སྤྲོད་འབད་འབདཝ་འོང་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ རྩིས་སྤྲོད་མ་འབད་བར་ ལུས་ཏེ་ཡོད་རུང་ ལམ་དེ་ མི་སེར་ཁོང་ར་གི་ འབད་ནི་དེ་གིས་ ག་དེ་དྲག་དྲག་ བདག་འཛིན་འཐབ་ནི་མ་གཏོགས་ རྩིས་སྤྲོད་སྤྲོདཔ་མེད་ཟེར་སླབ་སྟེ་ སྣང་མེད་སྦེ་ བཞག་ནི་མི་འོང་ཟེར་ཨིན་པས།
དྭངས་མཁར་ཚོགས་པ་ ནོར་བུ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ད་རེས་ཁམས་ ཁོ་གིས་ རྒཔོ་དང་གཅིག་ཁར་ བསྟུན་གྲོས་འབད་མི་དང་འཁྲིལ་ རྒཔོ་གིས་ ཧེ་མ་ར་ མི་སེར་ཚུ་གིས་འབད་ཚུགས་མི་ཚུ་ སེལ་དགོཔ་ད་ དེ་གི་ཤུལ་ལས་ འཕྲུལ་ཆས་བཙུགས་ཐོག་ལས་ སེལ་ནི་སྦེ་སླབ་ཡོདཔ་ཨིན་རུང་ ཆར་ཆུའི་དུས་ཚོད་རན་མི་ལུ་བརྟེན་ འཕྲུལ་ཆས་ཚུ་ བཙུགས་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ རྒཔོ་གིས་ ཆར་ཆུའི་དུས་ཚོད་རྫོགས་པའི་ཤུལ་ལུ་ འཕྲུལ་ཆས་བཙུགས་ཐོག་ལས་ ཆ་རོགས་འབད་ནི་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ཀྲོང་རྒཔོ་ རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ འཁོར་ལམ་དེ་གཉིས་ ཧེ་མ་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱི་ དབང་ཚད་ཕྱིར་སྤེལ་མ་དངུལ་ཐོག་ལས་ རྐྱབ་ཅི་ཟེར་ཨིནམ་ད་ འཁོར་ལམ་དེ་ བཟོ་སྐྲུན་འབད་ཚརཝ་ཅིག་ གཡུས་སྒོའི་ཚོགས་པ་འབོ་སྟེ་ རྩིས་སྤྲོད་འབད་ཡི་ཟེར་ཨིན་པས།
མི་སེར་ཚུ་གིས་ ད་རེས་ནངས་པ་ རང་སོའི་ཞིང་ཚུ་ པ་ཝར་ཊི་ལར་གྱིས་སྦེ་ རྨོ་དོ་ཡོདཔ་ཨིན་རུང་ ཉམས་སྐྱོན་ཤོར་ཏེ་ ལག་ལེན་འཐབ་མ་བཏུབ་པ་ཅིན་ མི་སེར་ཁོང་ར་གིས་ ཉམས་བཅོས་ཀྱི་དོན་ལུ་ རྒེད་འོག་ལུ་ གྲོས་འཆར་བཙུགས་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ འཁོར་ལམ་ཚུ་ རྒྱ་བསྐྱེད་འབད་ནིའི་དོན་ལུ་ འཆར་གཞི་༡༡ པའི་ནང་ འཆར་དངུལ་བཙུགས་ཏེ་ཡོད་ཟེར་ རྒཔོ་གིས་ སླབ་ཨིན་པས།
ལྟ་རྟོག་པ་ཚུ་གིས་ སླབ་མིའི་ནང་ འཁོར་ལམ་དེ་གཉིས་ མི་སེར་ཚུ་གིས་ ལེགས་ཤོམ་སྦེ་ བདག་འཛིན་མ་འཐབ་པའི་ཁར་ ལག་ལེན་ཡང་ རྒྱ་ཆེཝ་སྦེ་ མི་འཐབ་དོ་ཡོདཔ་ད་ མ་གཞི་ ན་ཧིང་ སོ་ནམ་ལྷན་ཁག་ལས་ འགོ་དཔོན་ཚུ་འོང་སྟེ་ འཁོར་ལམ་ཚུ་ ཞིང་ལམ་ལུ་ རྒྱ་བསྐྱེད་འབད་ནི་སྦེ་ ཐོ་ནང་བཙུགས་ཡོདཔ་ཨིན་རུང་ ཤུལ་ལས་ ལག་ལེན་འཐབ་མི་ རྒྱ་ཆེཝ་མིན་འདུག་ཟེར་སླབ་སྟེ་ ཕྱིར་བཏོན་འབད་བཞག་ཅི་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment