གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁས་བླངས་གསལ་བསྒྲགས་མེད་མི་གིས་ ཚོགས་རྒྱན་ནང་ལས་ཕམ་ཡོད་པའི་དོགས་པ།

༣/༦/༢༠༡༣   ༉ མོང་སྒར་རྫོང་ཁག་གི་ མི་སེར་ཚུ་གིས་ ལོག་སྟེ་ར་ འབྲུག་ཕུན་སུམ་པ་ལུ་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནིའི་དོན་ལུ་ ཚོགས་རྒྱན་མཐོ་ཤོས་བསྡོམས་༨,༧༨༨ བཙུགས་ཐོག་ལས་ བཙག་འཐུ་འབད་དགོ་མི་དེ་ གནད་དོན་སྦོམ་ཡོདཔ་ཨིན་པས།
མོང་སྒར་གྱི་མི་སེར་ཚུ་གིས་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ གྱལ་བཙར་སྡོད་པའི་བསྒང་།


དེ་གི་འོག་ལས་ར་ ཚོགས་རྒྱན་༣༤༦༧ ཐོབ་མི་ འབྲུག་མཉམ་རུབ་ཚོགས་པ་ གདམ་འཐུ་འབད་མི་ལུ་ཡང་ གནད་དོན་ཡོདཔ་ཨིན་རུང་ སྤྱིར་བཏང་བཙག་འཐུའི་ནང་ དོ་འགྲན་འབད་མ་ཚུགས་མི་ལུ་བརྟེན་ མི་སེར་ཚུ་ སེམས་དང་མ་ལྡན་པར་ཡོད་རུང་ ལ་ལུ་ཅིག་ གིས་ ཁུངས་དང་དགོས་པ་ཡོད་ལུགས་སྐོར་ལས་ བསམ་འཆར་བཀོད་དོ་ཡོདཔ་ཨིན་པས།
སྤྱི་ཚོགས་༢ པའི་རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ འགོ་ཐོག་བཙག་འཐུ་འབད་བའི་སྐབས་ལུ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༢༨༨༥ དང་ འབྲུག་སྤྱིར་དབང་ཚོགས་པ་གིས་ ཚོགས་རྒྱན་༤༢༡ ཐོབ་མི་དེ་ དམའ་ཤོས་ཨིནམ་ད་ མོང་སྒར་རྫོང་ཁག་གི་མི་སེར་ཚུ་གིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ སྤྱིར་བཏང་བཙག་འཐུའི་ནང་ འབྲུག་ཕུན་སུམ་ཚོགས་པ་དང་ མཉམ་རུབ་ཚོགས་པ་༢ ལྷོད་ཚུགས་པའི་རེ་བ་བསྐྱེད་ཡོདཔ་ཨིན་པས།
རྫོང་ཁག་དེ་ནང་ འདེམས་ཁོངས་༣༣ ཆ་ར་ལས་ ཚོགས་རྒྱན་མཐོ་ཤོས་ཐོབ་ཡོདཔ་ད་ དེ་ཡང་ དགྲ་མེད་རྩེ་- སྔ་ཚང་ལས་ ཚོགས་རྒྱན་༣༥༥༧ འཐོབ་ཡོདཔ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༡,༣༩༢ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༡༠༤༠ དེ་ལས་ འབྲུག་སྤྱིར་དབང་ཚོགས་པ་གིས་ ཚོགས་རྒྱན་༡༤༢ ཐོབ་ཡོདཔ་ཨིན་པས།
སྐྱེངས་མཁར་- ཝེ་རིང་ལ་འདེམས་ཁོངས་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༢༩༠༦ དང་ མི་སེར་དམངས་གཙོ་ཚོགས་པ་གིས་༧༣༦ འབྲུག་མཉམ་རུབ་ཚོགས་པ་གིས་༧༢༤ དེ་ལས་ འབྲུག་སྤྱིར་དབང་ཚོགས་པ་གིས་༡༡༨ ཐོབ་པའི་ཁར་ མོང་སྒར་འདེམས་ཁོངས་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་༢༣༢༥ དང་ འབྲུག་མཉམ་རུབ་ཚོགས་པ་གིས་༡༧༠༣ མི་སེར་དམངས་གཙོ་ཚོགས་པ་གིས་༧༥༧ དེ་ལས་ འབྲུག་སྤྱིར་དབང་ཚོགས་པ་གིས་༡༦༡ ཐོབ་ཡོདཔ་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་༡༦༨༤ དང་ མི་སེར་དམངས་གཙོ་ཚོགས་པ་གིས་༡༠༡༢ འབྲུག་མཉམ་རུབ་ཚོགས་པ་གིས་༧༠༩ འབྲུག་སྤྱིར་དབང་ཚོགས་པ་གིས་༥༣ ཐོབ་ཡོདཔ་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་མི་དེ་ཡང་ འགོ་ཐོག་བཙག་འཐུ་དེ་ སྤྱིར་བཏང་གི་བཙག་འཐུ་མེནམ་ལས་བརྟེན་ འདེམས་ངོ་རྐྱངམ་གཅིག་ལུ་མ་ལྟ་བར་ གཙོ་འཛིན་དང་ ཚོགས་པ་ལུ་ལྟ་ཡོདཔ་ལས་ གནད་དོན་གཞན་ཅིག་མེད་ཟེར་ཨིནམ་ད་ ལ་ལུ་ཅིག་གིས་འབད་བ་ཅིན་ ཚོགས་པ་དེ་ནང་ ཕྱག་ཞུ་མི་ འདེམས་ངོ་ཚུ་ ཉམས་མྱོང་ཅན་དང་ ལྕོགས་གྲུབ་ཅན་ཡོདཔ་ལས་བརྟེན་ ཨིན་ཟེར་ཨིན་པས།
མོང་སྒར་གྱི་ཚོང་པ་ཅིག་གིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་མི་མང་ཤོས་ མཐའ་ཟུར་གྱི་མི་སེར་ཚུ་ཨིནམ་ལས་ མཐའ་ཟུར་གྱི་མི་སེར་ཚུ་གི་སེམས་ཁར་ ཚོགས་པ་གསརཔ་ཚུ་མ་ཤེས་ནི་དེ་གིས་ འབྲུག་ཕུན་སུམ་ཚོགས་པའི་ ལས་རྟགས་དེ་ ག་ར་གིས་ ཤེས་མི་ལུ་བརྟེན་ ཁྱད་ཕན་ཅིག་འདི་ལུ་བརྟེན་འོང་ཟེར་ཨིན་པས།
མོང་སྒར་ལས་ སྐྱེས་ལོ་༤༥ ལང་མི་ ཚེ་རིང་གིས་སླབ་མིའི་ནང་ ཁོ་གིས་ ཚོགས་རྒྱན་དེ་ ཚོགས་པ་གསརཔ་ལུ་བཙུགས་པ་ཅིན་ ད་ལྟོ་གོང་འཕེལ་གྱི་ལཱ་འབད་འཕྲོ་ཡོད་མི་ཚུ་ འཕྲོ་མཐུད་འབད་མ་ཚུགས་པའི་དོགས་པ་ལུ་བརྟེན་ཨིན་ཟེར་ཨིནམ་ད་ ཁོ་གིས་ ཚོགས་རྒྱན་དེ་ གཙོ་འཛིན་ལུ་ ལྟ་ཞིནམ་ལས་ བཙུགས་ཅི་ཟེར་ཨིན་པས།
གླ་འཁོར་བཏང་མི་ཅིག་གིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་གྱིས་ འཕྲལ་ཁམས་ཅིག་ཁར་ མོང་སྒར་ལུ་འོང་བའི་སྐབས་ གླ་འཁོར་ལུ་རྒྱབ་སྐྱོར་འབད་ནི་ཟེར་ སླབ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
མོང་སྒར་གྱི་མི་སེར་ཚུ་ འབྲུག་མཉམ་ཚོགས་པ་དེ་ བཙག་འཐུ་འགྲུབ་མ་ཚུགསཔ་ལས་བརྟེན་ རྫོང་ཁག་དེ་ནང་གི་ འདེམས་ངོ་སྒྲིང་སྒྲིང་ཡོད་མི་ཅིག་ བཙག་འཐུ་འབད་མི་ཚུགས་ནི་མས་ཟེར་ཨིནམ་ད་ འདེམས་ངོ་ག་དེ་ཅིག་ལྕོགས་གྲུབ་ཡོད་རུང་ འགོ་ཁྲིདཔ་དེ་ ཨམ་སྲུ་ཅིག་འབད་མི་ལུ་བརྟེན་ མི་སེར་ཚུ་གིས་ བློ་གཏད་མ་ཚུགས་ཟེར་ ཝང་གླིང་ལས་མི་སེར་སོ་ནམ་པ་ཅིག་གིས་ སླབ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚོགས་རྒྱན་དེ་ མི་སེར་དམངས་གཙོ་ཚོགས་པ་ལུ་ བཙུགས་མི་དེ་ཡང་ ཚོགས་པ་དེ་གིས་ གལ་སྲིད་ བཙག་འཐུ་འགྲུབ་ཚུགས་པ་ཅིན་ སོ་ནམ་པ་ཚུ་ལུ་ འཕྲུལ་གླང་པཱ་ཝར་ཊི་ལར་དང་ སྣུམ་འཁོར་བཱོ་ལི་རོ་ དེ་བཟུམ་སྦེ་ སོ་ནམ་ཞིང་ལམ་ཚུ་བརྩི་ནག་གཏང་ནི་དང་ སོ་ནམ་ཐོན་སྐྱེད་ལུ་ཤུགས་གཏོན་ནི་ལུ་ རྒྱབ་སྐྱོར་འབད་ནི་ཟེར་ཨིནམ་མ་ཚད་ མི་སེར་ལུ་ གོང་འཕེལ་གྱི་ལཱ་ལུ་ཕན་ནིའི་དོན་ལུ་ རྒེད་འོག་ནང་ མ་དངུལ་ས་ཡ་༢ དེ་ཅིག་གི་ དབང་ཚད་བྱིན་ནི་ཨིནམ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
མོང་སྒར་ལུ་སྡོད་མི་ཚུ་གིས་ སླབ་མིའི་ནང་ མདང་ཞག་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་འོང་བའི་སྐབས་ལུ་ མི་སེར་ཚུ་གིས་ རྒྱབ་སྐྱོར་ཡོད་ལུགས་བཤད་ཡོད་རུང་ ཤུལ་ལས་ཚོགས་པ་དེ་ལུ་ སེམས་ཤུགས་བསྐྱེད་མ་ཚུགས་མི་དེ་ཡང་ ཚོགས་པའི་ཁས་བླངས་ག་ནི་ཡང་མེདཔ་ལས་ བློ་གཏད་མ་ཚུགས་འོང་ནི་མས་ཟེར་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ འབྲུག་སྤྱིར་དབང་ཚོགས་པ་དེ་ ན་གཞོན་ཚུ་ཡོདཔ་ལས་བརྟེན་ རྒྱབ་སྐྱོར་མ་འབད་ཟེར་ཨིནམ་ད་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་༢ ཀྱི་བར་ན་ དོ་འགྲན་སྦོམ་འབྱུང་ནི་བཟུམ་འདུག་ཟེར་ཨིནམ་ད་ འགོ་ཐོག་བཙག་འཐུ་ནང་ཕམ་མི་ ཚོགས་པ་༢ ཀྱིས་ འདེམས་ངོ་ལྕོགས་གྲུབ་ཅན་ཚུ་གིས་ མི་སེར་དམངས་གཙོ་ཚོགས་པའི་ནང་ འཛུལ་ཞིནམ་ལས་ དོ་འགྲན་འབད་ནིའི་ ལོ་རྒྱུས་ཚུ་བཤད་དོ་ཡོདཔ་ལས་བརྟེན་ཨིན་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment