གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༣/༦/༢༠༡༣   འགོ་ཐོག་བཙག་འཐུ་ མཐར་འཁྱོལ་བྱུང་མི་ལུ་ རྗེས་སུ་ཡི་རངས།
༉ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་དེ་ རྐྱེན་དང་བར་ཆད་ཚུ་ ག་ནི་ཡང་མ་འབྱུང་པར་ བསམ་པ་རྫོགས་ཏོག་ཏོ་སྦེ་ མཇུག་བསྡུ་ཚུགས་ནི་དེ་གིས་ སེམས་བ་མ་ཚད་ ཡིད་ཡང་དགའ་ཡི་ཟེར་ཞུ་ནི།


བཙག་འཐུའི་ཉིནམ་ལུ་ རྒྱལ་ཁབ་མཐའ་དབུས་མེད་པར་ ཆརཔ་རྐྱབ་མི་དེ་གིས་ འཁོར་ལམ་ཚུ་ དུམ་གྲ་རེ་ཆད་དེ་ བསུབས་ཡོད་རུང་ འབྲུག་མི་ཚུ་ག་ར་གིས་ ཚོགས་པ་ལེགས་ཤོམ་ཅིག་ བཙག་འཐུ་འབད་ནིའི་དོན་ལུ་ སེམས་ཁར་ཚ་གྱང་འབག་སྟེ་ ལཱ་ཁག་སྦེ་ ཚོགས་རྒྱན་ས་ཁོངས་ཚུ་ནང་སོང་སྟེ་ ཚོགས་རྒྱན་བཙུགས་ཡོདཔ་ལས་ དཀའ་ངལ་སྦོམ་ཅིག་ མ་འཐོན་ཟེར་ཞུ་ནི།
ཁྲོམ་ཚོགས་དང་ གཡུས་སྒོ་ཚུ་ནང་ སྲིད་ཚོགས་ཚུ་གི་སྐོར་ལས་ ལོ་རྒྱུས་ཚུ་ ག་དེ་སྦེ་ར་ སླབ་སྟེ་འབད་རུང་ དོན་མཐར་ཐུག་ལུ་ འབྲུག་པའི་མི་སེར་ཚུ་ག་ར་ སྲིད་དང་འབྲེལ་བའི་གནད་དོན་ཚུ་ ལེགས་ཤོམ་སྦེ་ར་ ཧ་གོ་མི་ཅིག་ཨིནམ་ལས་ སྲིད་དོན་ཚོགས་པ་རྙིངམ་ཚུ་ར་ རང་འཇགས་གདམ་འཐུ་འབདཝ་ཨིན་མས་ཟེར་ཞུ་ནི།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ཚོགས་པ་རྙིངམ་ཚུ་ལུ་ འདས་པའི་ལོ་༥ འི་ ཉམས་མྱོང་ཡོད་པའི་ཁར་ ཚོགས་པའི་འཐུས་མི་འབད་རུང་ ལྕོགས་གྲུབ་ཡོད་མི་ཙང་ཙ་འབད་ནི་དེ་གིས་ ཨིནམ་འོང་ནི་མས་ཟེར་ཞུ་ནི།
དཔེ་གཏམ་ལས་འབད་རུང་ ལྷ་གསརཔ་བ་ འདྲེ་རྙིངམ་དྲག་ཟེར་ སླབ་སྲོལ་ཡོད་དོ་བཟུམ་སྦེ་ མ་གཞི་ ཚོགས་པ་གསརཔ་ཚུ་ཡང་ ལྕོགས་གྲུབ་ཡོད་དེ་འབད་རུང་ བློ་གཏད་མ་ཚུགསཔ་བཟུམ་ཅིག་ ཐལ་སོཔ་འོང་ནི་མས་ཟེར་ཞུ་ནི།
ད་རེས་ འབྲུག་པའི་མི་སེར་མང་ཤོས་ཅིག་གིས་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་ལུ་ བློ་གཏད་ཡིད་ཆེས་བསྐྱེད་དེ་ བཙག་འཐུ་འབད་དགོ་པའི་གནད་དོན་དེ་ཡང་ འདས་པའི་ཉམས་མྱོང་ཐོག་ལུ་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ཚུ་ ལྷག་པར་དུ་ ཡར་དྲག་གཏང་ཚུགས་པའི་ རེ་བ་སྦོམ་ཡོད་ནི་དེ་གིས་ ཨིན་མས་ཟེར་ཞུ་ནི།
ད་ལས་ཕར་འབད་རུང་ མི་སེར་ཚུ་གིས་ རེ་བ་བསྐྱེད་དོ་བཟུམ་སྦེ་ར་ ཚོགས་པ་ཚུ་གིས་འབད་རུང་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ ཁས་བླངས་གསལ་བཤད་འབད་མི་ཚུ་ལས་ལྷགཔ་སྦེ་ གོང་འཕེལ་གྱི་ འཆར་གཞི་དང་ལས་རིམ་ཚུ་ འཕྲོ་མཐུད་དེ་ར་ ལག་ལེན་འཐབ་གནང་དགོ་ཟེར་ཞུ་ནི།
འགོ་ཐོག་བཙག་འཐུ་ནང་ལས་ ཕམ་སོང་མི་ ཚོགས་པ་ཚུ་གིས་འབད་རུང་ བློ་འགྱོད་བསྐྱེད་སྡོད་ནི་མེན་པར་ ད་ལས་ཕར་ ཉམས་མྱོང་འཐོབ་ནིའི་དོན་ལུ་ སྲིད་དང་འབྲེལ་བའི་ལཱ་ཚུ་ནང་ འབྲེལ་གཏོགས་འབད་ནི་དེ་ ག་ནི་བ་གལ་ཆེ་ཟེར་ ཞུ་དགོ་མི་དེ་ཡང་ ད་རེས་རྐྱངམ་གཅིག་གིས་ བཙག་འཐུ་མཇུག་བསྡུཝ་མེནམ་ལས་ ཤུལ་མའི་སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུ་ནང་ ད་རུང་ དོ་འགྲན་འབད་དགོཔ་ཨིན་ཟེར་ཞུ་ནི།
ང་བཅས་ར་ ནམ་ར་འབད་རུང་ རྒྱལ་ནི་དེ་ ཁག་ཆེཝ་མེན་པར་ བཅའ་མར་གཏོགས་ནི་དང་ སེམས་ཤུགས་བསྐྱེད་ནི་དེ་ཡང་ ཁག་ཆེཝ་ལས་ ཤུལ་མའི་བཙག་འཐུ་དོན་ལུ་ མི་སེར་ཚུ་གིས་ བློ་གཏད་ཡིད་བསྐྱེད་ཚུགསཔ་ཅིག་ ད་ལྟོ་ལས་ རྩ་འགེངས་པ་ཅིན་ མནོ་དོན་འགྲུབ་མ་ཚུགས་པའི་ དཔེ་མི་སྲིད་ཟེར་ཞུ་ནི།
ཤུལ་མའི་ཟླཝ་ནང་ འགོ་འདྲེན་འཐབ་ནི་ཨིན་མི་ སྤྱིར་བཏང་བཙག་འཐུ་ནང་འབད་རུང་ འབྲུག་མི་ག་ར་གིས་ ཚོགས་རྒྱན་ལེགས་ཤོམ་སྦེ་བཙུགས་ཏེ་ རྒྱལ་ཁབ་དང་ མི་སེར་ལུ་ཕན་པའི་ གཞུང་ལེགས་ཤོམ་ཅིག་ བཙག་འཐུ་འབད་འོང་མནོ་བའི་ རེ་བ་དང་ སྨོན་ལམ་ཡོད་ཟེར་ ཞུ་ནི་ཨིན།
དབང་འདུས།
 
ཐིམ་ཕུ་ ལྕང་ཟམ་ཏོག།

No comments:

Post a Comment