གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དུང་འཁོར་པདྨ་ཡུལ་གླིང་ས་ཁོངས་ཀྱིས་ མི་རྒན་རྒས་ཚུ་ལུ་ ཕན་ཐོགས།

༣/༦/༢༠༡༣   ༉ གཞལམ་སྒང་ཁྲོམ་ལས་ ཁ་ཡར་ལྟ་སྟེ་ དུས་ཡུན་སྐར་མ་༢༠ དེ་ཅིག་ ལམ་འགྱོ་དགོ་པའི་ས་གནས་ དེ་ ཧེ་མ་འབད་བ་ཅིན་ སྟོངམ་སྦེ་ བཞག་ཡོདཔ་ཨིན་རུང་ འདས་པའི་ལོ་ངོ་༤ དེ་ཅིག་གི་ལས་ཚུར་ ས་གནས་ནང་ མི་རྒན་རྒས་ཚུ་ འོང་མིའི་གྱངས་ཁ་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།
དུང་འཁོར་པདྨ་ཡུལ་གླིང་གི་འོག་ལུ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ཁྲོས་མ་ལྷ་ཁང་།


ཁོང་ཆ་ཁྱབ་ཀྱིས་ ས་གནས་དེ་ནང་ བྱང་ས་ཚུ་རྐྱབ་སྟེ་ སྡོད་ནི་འགོ་བཙུགས་ཡོདཔ་ད་ ད་རེས་ནངས་པ་ ས་ཁོངས་དེ་ནང་ བྱང་ས་བདུན་ཡོད་ས་ལས་༢ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ཨིན་པས།
ཁོང་གིས་ བྱང་ས་ཚུ་ནང་སྡོད་དེ་ ཉིནམ་ཨ་རྟག་ར་ སྨོན་ལམ་ཆེན་མོའི་ཐང་གི་ ཉེ་འདབས་ལུ་ཡོད་པའི་ དུང་འཁོར་དེ་ཁར་ སྐོར་ར་རྐྱབ་པར་ འགྱོ་དོ་ཡོདཔ་ཨིན་པས།
བྱང་ས་ཚུ་གི་ བཟོ་བཀོད་ལུ་བལྟ་བ་ཅིན་ སའི་གནས་ཚད་ལས་ དུམ་གྲ་རེ་གིས་ གནམ་ཁར་འཐུ་སྟེ་ཡོདཔ་ད་ ཨེ་ཁུག་ཚུ་ཡང་ མཐོ་ཚད་རན་ཏོག་ཏོ་རེ་ བཙུགས་ཏེ་ཡོདཔ་ཨིན་པས།
བྱང་ས་ཚུ་གི་ མཐའ་འཁོར་ལས་ཕར་ ཚོད་བསྲེ་ལྡུམ་ར་ ཆུང་ཀུ་རེ་བཟོ་སྟེ་ ཚོད་བསྲེ་ཚུ་ བཙུགས་ཡོདཔ་ད་ ཁྱིམ་གྱི་སྦོ་ལོགས་ཁ་ལས་ཕར་ བསངས་བུམ་རེ་ཡང་ བཟོ་སྟེ་ཡོདཔ་ཨིན་པས།
མི་རྒན་ཤོས་ཚུ་གིས་ ས་གནས་དེ་ནང་ འོང་མི་དེ་ཡང་ རྒྱལ་ཁབ་ནང་ རྙིང་ཤོས་ཅིག་ཨིན་ཟེར་ སླབ་སྲོལ་ཡོད་མི་ དུང་འཁོར་དེ་ལུ་བརྟེན་ཏེ་ཨིན་རུང་ དུང་འཁོར་དེ་ ག་གིས་བཞེངས་གནང་ཡོདཔ་ཨིན་ནའི་སྐོར་ལས་ རྒྱབ་ཁུངས་ཚུ་ མེདཔ་ཨིན་པས།
དུང་འཁོར་དེ་ཡང་ ཁོང་ཆ་ཁྱབ་སྡོད་སའི་ འོག་ལུ་ར་ཡོདཔ་ད་ ཨ་རྒས་དང་ཨང་རྒས་ཚུ་ ས་ཁོངས་དེ་ནང་ ཕྱག་འཚལ་ སྐོར་ར་རྐྱབ་སྟེ་ སྡོད་ས་མཐོངམ་ཨིན་པས།
ས་གནས་ནང་སྡོད་མི་ལ་ལུ་ཅིག་ དུང་འཁོར་ནང་ འགྱོ་མ་ཚུགས་མི་ཡང་ཡོདཔ་ལས་ ས་ཁོངས་དེ་ མི་རྒན་རྒས་ཚུ་ སྡོད་ས་བཟུམ་ཅིག་ལུ་ གྱུར་བའི་མཐོང་སྣང་བྱུངམ་ཨིན་པས།
དཔེ་འབད་བ་ཅིན་ སྐྱེས་ལོ་༩༠ གོ་གྲངས་ནང་ཨིན་མི་ པད་བྱུང་གིས་ ཁོ་རའི་བྱང་ས་ནང་ལས་ཐོན་ཏེ་ ཉེ་འདབས་ལུ་ཡོད་པའི་ ཉིམ་བསྲོ་སའི་ ས་ཁོངས་ནང་ལྷོད་ཚུགས་ནི་ལུ་ཡང་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས།
ཁོ་གིས་ རྣམ་ཅོག་གིས་ རྩ་ལས་ར་ མི་གོ་དོ་ཡོདཔ་ཨིན་རུང་ སྦུང་ཁ་འགྲིལ་ཏེ་ ལཱ་ཁག་རྐྱབ་མས་ཟེར་ ཨིནམ་ད་ ད་འབདན་ཁོ་ར་ ཤི་ནིའི་དུས་ཚོད་རན་སོ་ཡི་ཟེར་ སླབ་ཨིན་པས།
གདངས་མཁར་གཡུས་ཚན་ལས་ སྐྱེས་ལོ་༧༤ འབད་མི་ ཆོས་སྒྲོན་གྱིས་ སླབ་མིའི་ནང་ མོ་ར་དང་ མོ་གི་རྨགཔ་༢ ལོ་༤ དེ་ཅིག་གི་ཧེ་མ་ལས་ ས་གནས་དེ་ནང་ འོང་ཡོདཔ་ད་ ད་རེས་ ཁོང་གི་ཨ་ལུ་ཚུ་གིས་ རྒྱགས་སྐལ་ཚུ་ དུས་ཚོད་ཁར་ བཀལ་ནི་ཡོད་ཟེར་ཨིན་པས།
མོ་གིས་ ཉིནམ་ཨ་རྟག་ར་ དུང་འཁོར་སྐོར་ར་རྐྱབ་སྟེ་ མ་ཎི་བགྱང་དོ་ཡོདཔ་མ་ཚད་ ཉིནམ་རེ་ལུ་ ཕྱག་གྲངས་༢༠༠ རེ་ འཚལ་དོ་ཡོདཔ་ཨིན་པས།
བཀྲིས་འཕེལ་པཱམ་ལས་ཨིན་མི་ དབང་མོ་གིས་སླབ་མིའི་ནང་ མོ་ར་དང་ མོ་གི་རྨགཔོ་༢ ཀྱིས་ ཤི་བའི་སྐབས་ ཕན་ཐོགས་ཤོས་ར་ མ་ཎི་ལས་བརྒལ་བའི་ གཞན་ག་ཅི་ཡང་མེད་པའི་ མནོ་བསམ་བཏང་པའི་ཤུལ་ལུ་ ས་གནས་ནང་ མ་ཎི་བགྱང་པར་འོང་སྟེ་ ཟླཝ་༤ དེ་ཅིག་ ལང་སོ་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ མོ་ར་ རྐངམ་ན་མི་ལུ་བརྟེན་ གཡུས་ཁར་སྡོད་རུང་ ལཱ་ག་ཅི་ཡང་ འབད་མ་ཚུགསཔ་ལས་ དུང་འཁོར་གྱི་ས་ཁོངས་ནང་ འོང་ཡི་ཟེར་ཨིན་པས།
མོ་གི་གཡུས་ཁར་ མོ་རའི་བུམོ་ཅིག་ཡོདཔ་ད་ བུམོ་དེ་ལུ་ ཨ་ལུ་༨ གསོ་སྐྱོང་འབད་དགོཔ་ཡོད་མི་ལུ་བརྟེན་ རྒྱགས་སྐལ་ཚུ་ཡང་ དུས་ཚོད་ཁར་ ཐོབ་མ་ཚུགས་པའི་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
སྐྱེས་ལོ་༥༠ ང་གྲངས་ནང་ཨིན་མི་ ཡེ་ཤེས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ མོ་གི་ཨ་ལུ་ཚུ་ ས་ཐག་རིང་སར་སྡོད་ནི་དེ་གིས་ བྱང་ས་རྐྱབ་བྱིན་མི་མེདཔ་ད་ འགྲོས་ཀྱིས་སྦེ་ ས་གནས་ནང་ ཁྱིམ་འཐོབ་པ་ཅིན་ མ་ཎི་བགྱང་སྡོད་ནི་གི་ རེ་བ་ཡོད་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ཁོ་རའི་ཁྱིམ་ནང་སྡོདཔ་ད་ མ་ཎི་བགྱང་སྟེ་འབད་རུང་ ཨ་ལུ་ཚུ་གིས་ སྐད་རྐྱབ་མི་ལུ་བརྟེན་ སྐྱིད་ཏོང་ཏོ་སྦེ་ བགྱང་མི་ཚུགས་དོ་ཡོདཔ་ལས་ ས་ཁོངས་དེ་ ཁམས་དྭངས་བའི་ཁར་ སྐྱིད་ཏོང་ཏོ་འདུག་ཟེར་ཨིན་པས།
ད་རེས་ ཁོང་གིས་ བྱང་ས་རྐྱབ་སྡོད་མིའི་ས་ཆ་ཚུ་ སྒེར་གྱི་ཨིན་རུང་ ས་ཁྲལ་དང་ གླ་ཆ་ཚུ་ ག་ཅི་ཡང་ སྤྲོད་མི་དགོ་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment