གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨམ་སྲུ་ཅིག་གིས་ ཨ་ལུ་ རྨས་སྐྱེས་ས་དོང་ནང་བཙུགས་ཡོདཔ།

༡༥/༦/༢༠༡༣   ༉ བཀྲིས་གཡང་རྩེ་ རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༦ པའི་ཚེས་༥ ལུ་ སྐྱེས་ལོ་༢༣ ལང་མི་ ཨམ་སྲུ་ཅིག་གིས་ སྤྱི་ལོ་༢༠༡༡ ལུ་ ཨ་ལུ་སྐྱེས་བའི་ཤུལ་ལས་ ས་དོང་ནང་ བཙུགས་བཞག་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༡ བཀལ་ཡོདཔ་ཨིན་པས།


ད་ཚུན་གྱི་ནང་འཁོད་ལུ་ ཨ་ལུའི་ཨ་པ་གིས་ ཨ་ལུ་དེ་ ཁོ་གི་མེན་ཟེར་ སླབ་སྟེ་འབད་རུང་ ཨའི་དེ་གིས་ མོ་གི་ཨ་ལུ་ཨིན་ཟེར་ ཁ་བཟེད་མ་བཏུབ་པར་ བཀོག་བཞག་ཡོདཔ་ཨིན་པས།
ཨ་ལུའི་ཨའི་ཨིན་མི་ ཟླ་བ་སྒྲོལ་མ་དེ་ དེ་བསྒང་ བཙན་མཁར་ལ་སློབ་གྲྭ་ནང་ དཔེ་ཆ་ལྷབ་པའི་བསྒང་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ མོ་ར་ སློབ་གྲྭ་ནང་ དཔེ་ཆ་ལྷབ་སྡོད་པའི་སྐབས་ གཟུགས་མ་བདེཝ་ཆགས་ཏེ་ ཨ་ལུ་སྐྱེས་ནི་སྦེ་ ན་ཟུག་རྐྱབ་པའི་སྐབས་ སློབ་ཁང་ནང་འགྱོ་མ་ཚུགསཔ་ལས་ མོ་རའི་ཨའི་ལུ་ འགྲུལ་འཕྲིན་བཏང་སྟེ་ འབོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༡ ཟླ་༨ པའི་ཚེས་༡༣ ལུ་ ཨའི་དེ་ བུམོ་ལེན་པར་ བཙན་མཁར་ལ་སློབ་གྲྭ་ནང་ལྷོད་དེ་ སློབ་གྲྭའི་དབང་འཛིན་ལས་ ངལ་གསོ་ཞུ་སྟེ་ ཁྱིམ་ནང་ འཁྱིད་སོང་བའི་ལམ་ཁར་ ས་གནས་ ལྡི་ལི་གཤམ་ཟེར་ས་ལུ་ལྷོདཔ་ད་ བུམོ་དེ་གིས་ ཨ་ལུ་བུ་ཅིག་སྐྱེས་མི་དེ་ ས་གནས་དེ་ཁ་ར་ ས་དོང་བརྐོ་སྟེ་ ཨ་ལུ་དེ་ ས་ནང་སྦ་བཞག་ཡོདཔ་ཨིན་པས།
འབྲུག་གི་ཉེས་འགེལ་ཁྲིམས་དེབ་ དོན་ཚན་༢༡༥ དང་འཁྲིལཝ་ད་ ག་དེམ་ཅིག་སྦེ་ རྩོད་ཟླ་གིས་ རང་གི་ཨ་ལུ་ མནོ་ཞིང་བསམ་ཞིང་ བཀོག་བཞག་པ་ཅིན་ རྩོད་ཟླ་དེ་ བྱིས་པ་བཀོག་བཞག་པའི་ གནོད་འགེལ་ཕོགཔ་ལས་བརྟེན་ ཉེས་ཕྲའི་ ཁྲིམས་སྨིན་དགོཔ་ཨིན་ཟེར་ཨིན་པས།
རྩོད་ཟླ་གིས་ ཨ་ལུ་དེ་ མོ་གི་མེན་ཟེར་སླབ་སྟེ་ ཁ་བཟེད་མ་བཏུབ་རུང་ མོ་རའི་ ཆ་རོགས་ཀུན་བཟང་དབང་མོ་དང་ རྣམ་རྒྱལ་དབང་མོ་གིས་ ཟླ་བ་སྒྲོལ་མའི་གཟུགས་དེ་ ཧེ་མ་དང་ཕྱདཔ་ད་ ཨ་ཙི་སྦོམ་སྦེ་མཐོང་ཡོདཔ་མ་ཚད་ རྩོད་ཟླ་མོ་ར་ ཟླ་ཁྲག་མ་འོང་པ་ ཟླ་ངོ་༥ སོང་བའི་ ལོ་རྒྱུས་ཚུ་ བཤད་ཡོདཔ་ལས་ ཨ་ལུ་ཆགས་པའི་ དོགས་པ་ཟ་ཡི་ཟེར་ཨིན་པས།
སྤྱི་ལོ་༢༠༡༡ ལོ་ལུ་ གཡང་རྩེ་སྨན་ཁང་ལས་ དྲུང་འཚོ་གིས་ བརྟག་དཔྱད་འབདཝ་ད་ཡང་ ཨ་ལུ་དེ་ མོ་ར་གིས་ར་ ཨིན་ཟེར་ བཤད་ཡོདཔ་ཨིན་པས།
མོ་གིས་ ཨ་ལུ་དེ་ མོ་རའི་ཨིནམ་ ཁ་བཟེད་མ་བཏུབ་མི་ལས་བརྟེན་ རྒྱ་གར་རྒྱལ་ཁབ་ནང་ ཚན་རིག་བརྟག་དཔྱད་ཚུ་ཡང་ འབད་ཡོད་པའི་ཤུལ་ལུ་ བརྟག་དཔྱད་ཀྱི་ གྲུབ་འབྲས་དང་འཁྲིལཝ་ད་ ཨ་ལུ་དེ་ མོ་གི་ཨིནམ་ ངེས་བདེན་གསལ་སྟོན་ བྱུང་ཡོདཔ་ཨིན་པས།
དེ་འབདཝ་ལས་ རྩོད་ཟླ་ཟླ་བ་སྒྲོལ་མ་ལུ་ བཙོན་ཁྲིམས་ལོ་༡ བཀལ་ཡོདཔ་ད་ དེ་བཟུམ་སྦེ་ མོ་རའི་ ཨའི་གིས་ ཨ་ལུ་དེ་ མོ་རའི་བུམོ་ངེས་བདེན་ཨིནམ་ ཤེས་བཞིན་དུ་ ས་གནས་ དབང་འཛིན་ལུ་སྙན་ཞུ་མ་འབད་བར་ ཨ་ལུ་བཀོག་བཞག་ནི་ལུ་ ཆ་རོགས་འབད་བའི་ཐད་ཁར་ མོ་ལུ་ བཙོན་ཁྲིམས་ཟླ་ངོ་༦ ཕོགཔ་ཨིན་པས།
ཨ་ལུ་རྨས་སྐྱེས་དེ་ སྤྱི་ལོ་༢༠༡༡ ཟླ་༨ པའི་ཚེས་༡༣ ལུ་ ས་གནས་ནང་ ལཱ་འབད་བ་འགྱོ་མི་ ཕོ་སྐྱེས་༦ གིས་ ཨ་ལུ་ སྔུ་སྐད་གོ་བའི་ཤུལ་ལས་ ས་གནས་ནང་ ལྟ་བ་འགྱོ་བའི་སྐབས་ ཨ་ལུ་དེ་ ས་གིས་ སྤུབས་ཡོདཔ་མཐོང་ཅི་ཟེར་ ངག་བརྗོད་ཕུལ་ཡོདཔ་ཨིན་པས།
ཨིན་རུང་ ཕོ་སྐྱེས་ཚུ་གིས་ བཀྲིས་གཡང་རྩེ་ སྟོད་ཚོ་རྒཔོ་ལུ་ རྩིས་སྤྲོད་དེ་ཡོདཔ་ལས་ ད་ལྟོ་ ཁོ་གིས་ བདག་འཛིན་འཐབ་དོ་ཡོདཔ་ཨིན་པས།
རྩོད་ཟླ་ཟླ་བ་སྒྲོལ་མ་ལུ་ ཁྲིམས་ལོ་༡ དང་ མོ་གི་ཨའི་ལུ་ ཁྲིམས་ཟླཝ་༦ ཕོག་ཡོདཔ་ཨིན་རུང་ ཁྲིམས་འཐུས་བཏབ་ཆོགཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment