གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༡༥/༦/༢༠༡༣   ཁྲིམས་ཀྱི་རིང་ལུགས་ལུ་བརྩི་མཐོང་།
༉ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུ་༢ པའི་དོན་ལུ་ དོ་འགྲན་འབད་མི་ སྲིད་དོན་ཚོགས་པ་༢ ཀྱི་འདེམས་ངོ་རེ་ ཆ་མེད་སོང་མིའི་ ཚབ་བཙུགས་ནི་ལུ་ གཏན་འཁེལ་བཟོ་བའི་བསྒང་ཡོདཔ་བཞིན་དུ་ འདེམས་ངོ་༢ ལས་༡ ཁྲིམས་སྲུང་འགག་པའི་ ཉོགས་མེད་ལག་ཁྱེར་མ་ཐོབ་མི་ལུ་བརྟེན་ ཆ་མེད་བཏང་མི་དེ་ གྲོས་གནས་ཅིག་ལུ་གྱུར་བའི་ མངོན་གསལ་བྱུངམ་ཨིན་མས།


དེ་ཡང་ ཁྲིམས་སྲུང་འགག་པ་གིས་ སྤྱི་ལོ་༢༠༠༨ ལུ་ བརྡུང་རྫོབ་ཀྱི་ རྩོད་དོན་ཅིག་ནང་ འབྲེལ་གཏོགས་ཡོད་མི་ འདེམས་ངོ་ཅིག་གི་ གནས་སྡུད་དེ་ གློ་བུར་དུ་ དུས་མཐུན་བཟོ་བའི་ཤུལ་ལུ་ ཉོགས་མེད་ལག་ཁྱེར་ཆ་མེད་བཏང་དཔ་ལས་ ལེ་ཤ་ཅིག་ལུ་ མགུ་འཐོམ་བྱུང་ནུག།
གནད་དོན་དེ་ལུ་ གནད་ཁུངས་བཀལ་མི་དང་འཁྲིལཝ་ད་ སྲིད་དོན་ཚོགས་པའི་ འདེམས་ངོ་ཚུ་གིས་ བཙག་འཐུའི་ངོས་ལེན་འགོ་དཔོན་ལུ་ གདམ་ངོའི་ཡི་གུ་བཙུགསཔ་ད་ ཆ་འཇོག་ཡུན་གནས་ཟླ་ངོ་༡༢ ཡོད་པའི་ ཉོགས་མེད་ལག་ཁྱེར་དགོཔ་སྦེ་ སླབ་མི་ལུ་ ལྟ་བ་ཅིན་ ཉོགས་མེད་ལག་ཁྱེར་གསརཔ་དགོ་པའི་ བརྡ་མཚོན་སྟོནམ་ཨིན་མས།
གདམ་ངོ་ལས་ ཆ་མེད་སོང་མི་ འདེམས་ངོ་ལུ་ ན་ཧིང་ སྤྱི་ཟླ་༨ པའི་ནང་ཐོབ་མི་ ཉོགས་མེད་ལག་ཁྱེར་གྱི་ ཆ་འཇོག་གནས་ཡུན་ཟླཝ་༢ ལས་བརྒལ་མེད་མི་ལུ་བརྟེན་ དགོས་མཁོ་མ་ཚངམ་ཨིན་མས།
འདི་བཟུམ་ ཆ་མེད་བཏང་མི་དེ་ཡང་ འདེམས་ངོ་དེ་གིས་ ཧེ་མར་ ཁྲིམས་ལས་འགལ་བའི་ བྱ་ངན་ཚུ་ནང་ འབྲེལ་གཏོགས་འབད་ཡོད་པའི་ འབྲེལ་གནད་ལུ་བརྟེན་ འོང་སྲིད་ནི་ཨིནམ་མ་ཚད་ ཁོ་གི་ འདས་པའི་གནས་ཐོ་ལེགས་ཤོམ་མེད་མི་ལུ་བརྟེན་ ཁོ་ སྲིད་ཚོགས་ཀྱི་ འདེམས་ངོ་སྦེ་ འཛུལ་ཞུགས་འབད་བའི་སྐབས་ལས་ར་ དོགས་སྣང་བྱུང་སྟེ་ ག་ཅི་སྦེ་ སྲིད་ཚོགས་ཀྱིས་ ངོས་ལེན་འབདཝ་ཨིན་ན་ཟེར་ ལ་ལུ་གིས་ དྲི་བཀོད་འབད་མི་ཡང་ཐོན་ནུག།
འགོ་ཐོག་བཙག་འཐུའི་དོན་ལུ་ འདེམས་ངོ་ཚུ་གི་ ཐོ་བཀོད་བཙུགས་པའི་སྐབས་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ འགོ་ཐོག་བཙག་འཐུའི་ དོ་འགྲན་འབད་མི་ འདེམས་ངོ་ཚུ་གི་ ཡིག་ཆ་ཚུ་ ནན་ཞིབ་མི་འབད་ནི་ཨིནམ་ལས་ སྤྱིར་བཏང་བཙག་འཐུའི་དོན་ལུ་ གདམ་ངོའི་ཡིག་ཆ་བཙུགས་པའི་སྐབས་ལུ་རྐྱངམ་གཅིག་ བརྟག་ཞིབ་འབད་ནི་ཟེར་ སླབ་ཡོདཔ་ཨིན།
འདི་འབདཝ་ད་ རྩོད་དོན་དེ་གི་ ཐད་ལུ་ལྷོདཔ་ད་ ལོ་རྒྱུས་འདྲ་མ་འདྲཝ་ལེ་ཤ་བཤད་ནི་ཡོད་མི་ལས་ གཅིག་ སྤྱི་ཚོགས་ཀྱི་ འཐུས་མི་སྦེ་ དོ་འགྲན་འབད་མི་དེ་ལུ་ ཉེས་ལས་འཐབ་པའི་ གནས་ཐོ་ཡོད་པ་ཅིན་ ངོས་ལེན་མི་འབད་ཟེར་མི་དེ་ཡང་ སྲིད་དོན་ཚུ་ ངན་ལྷད་ཞུགས་མ་བཅུག་པར་ གཙང་མ་སྦེ་ བཞག་ཐབས་ལུ་ཨིན་མས།
ཕྱོགས་གཅིག་ལས་ བརྡ་མཚོན་ག་ཅི་སྟོན་ཡི་ཟེར་བ་ཅིན་ མི་ངོ་གང་རུང་ ཉེས་ཁྲིམས་དང་ ཡང་ཅིན་ ཉེས་ཕྲའི་བཙོན་ཁྲིམས་ཕོག་རུང་ འདི་བཟུམ་མའི་ ལམ་ལུགས་བསྟར་སྤྱོད་ཐོག་ མི་ཚེ་ཅིག་ར་ ཁྲིམས་འགལ་པ་སྦེ་ར་ ལུས་ནི་བཟུམ་ཅིག་ཨིནམ་ད་ དེ་སྦེ་ ལུས་པ་ཅིན་ ཉེས་ཕྲའི་ཁྲིམས་ཕོག་རུང་ མི་ཚེ་གང་ལུ་ གོ་སྐབས་དང་ ཁེ་ཕན་ཚུ་ བསྟར་སྤྱོད་འབད་མི་ཚུགས་ནི་ཨིན་མས།
ཁྲིམས་དོན་མཁས་མཆོག་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ད་ལྟོ་ཡོད་མི་ བཅའ་ཁྲིམས་དང་ བཅའ་ཡིག་ལེ་ཤ་ཅིག་ར་ བསྐྱར་ཞིབ་འབད་དགོཔ་ཡོད་མི་དེ་ཡང་ ཁོང་ཁྲོ་དང་ རྟོག་མེད་གདོང་ཐུག་ལུ་བརྟེན་ ཉེས་ལས་འཐབ་དགོཔ་བྱུང་མི་དེ་ ཉེས་ཅན་སྦེ་ར་ བརྩི་འཇོག་འབད་དགོཔ་ཨིན་ན་ བརྟག་ཞིབ་འབད་དགོཔ་འདུག་ཟེར་ཨིན་མས།
དེ་མ་ཚད་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་རྐྱམ་གཅིག་མིན་པར་ བཙག་འཐུའི་བཅའ་ཁྲིམས་ནང་ཡང་ གོ་དོན་དྭངས་གསལ་མེད་མི་ལུ་བརྟེན་ ཁྲིམས་ཀྱི་གོ་བ་ལེན་ཐངས་སོ་སོར་འགྱོ་ནི་གི་ འོས་འབབ་ཡོདཔ་ལས་ ཤུལ་མའི་གཞུང་སྐྱོང་ཚོགས་པ་ ག་བཙག་འཐུ་འགྲུབ་མི་གིས་ ཁྲིམས་ཡིག་གི་ གོ་དོན་ཚུ་ མགུ་རྙོགས་དྲགས་དང་ བྱ་སྟབས་མ་བདེཝ་ཡོད་མི་ཚུ་ འཕྲི་སྣོན་འབད་ནི་གི་ ཐུགས་བཞེད་གནང་དགོཔ་འདུག་ཟེར་ ཞུ་ནི་ཨིན།

No comments:

Post a Comment