གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་འདུས་རྫོང་ ལོག་གསར་བཞེངས་ཀྱི་ལཱ་ ཤུལ་མའི་ཟླཝ་ནང་ འགོ་བཙུགས་ནི།

༡༤/༦/༢༠༡༣   ༉ སྤྱི་ཟླ་༧ པའི་ནང་ རྩིས་ལོ་གསརཔ་ འགོ་བཙུགསཔ་དང་འབྲེལ་ དབང་འདུས་ཕོ་བྲང་རྫོང་ ལོག་གསར་བཞེངས་ཀྱི་ ལཱ་དེ་ཡང་ འགོ་བཙུགས་འོང་ཟེར་ དབང་འདུས་རྫོང་བདག་ ལྷུན་གྲུབ་དབང་ཕྱུག་གིས་ སླབ་ཨིན་པས།
འཕྲལ་མགྱོགས་ར་ ཉམས་གསོ་ཞུ་ནི་ཨིན་མི་ དབང་འདུས་རྫོང་།


སྤྱི་ལོ་༡༦༣༨ ལུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ བཞེངས་གནང་མི་ དབང་འདུས་ཕོ་བྲང་རྫོང་དེ་ ན་ཧིང་ སྤྱི་ཟླ་༦ པའི་ཚེས་༢༤ གི་ཕྱི་རུ་ཁམས་ཅིག་ཁར་ མེ་མཆོད་བཞེས་ཏེ་ རྩ་བ་ལས་ ཉམས་སྐྱོན་ཤོར་ཡོད་རུང་ ནང་རྟེན་བྱིན་ཅན་མང་ཤོས་ཅིག་ ཉེན་སྐྱོབ་འབད་ཚུགས་ཡོདཔ་ཨིན་པས།
ད་ཚུན་གྱི་བར་ན་ ནང་སྲིད་ལྷན་ཁག་ ལམ་སྲོལ་ལས་ཁུངས་ཀྱིས་ ཤིང་ཆས་དང་ རྡོ་དང་འབྲེལ་བའི་ ལཱ་ཚུ་གི་དོན་ལུ་ རྫོང་གཞིས་ལོག་གསར་བཞེངས་ཀྱི་ མ་དངུལ་ས་ཡ་༢༠༠ ཡོད་མི་ལས་ དངུལ་ཀྲམ་ས་ཡ་༢༠ འཛིན་གྲོལ་འབད་ཡི་ཟེར་ དབང་འདུས་རྫོང་ཉམས་སྲུང་ལས་འགུལ་གྱི་ འཛིན་སྐྱོང་པ་ ལས་སྐྱིད་དབང་ཕྱུག་གིས་ སླབ་ཨིན་པས།
རྫོང་གཞིས་གསར་བཞེངས་ཀྱི་དོན་ལུ་ དབང་འདུས་ཟམ་ལས་ རྩི་རང་ཁ་ཐུག་ལུ་འགྱོ་སའི་ ལམ་ཀི་ལོ་མི་ཊར་༡ གི་ས་གནས་ དཔེ་ལྟ་ཀབ་ལུ་ ས་ཆ་ཨེ་ཀར་༥.༡ འབད་མི་ནང་ རྡོ་བཏོན་འཕྲུལ་ཁང་ཅིག་ གཞི་བཙུགས་འབད་ནི་གི་ གནང་བ་གྲུབ་ཡོདཔ་ད་ སྤུངས་ཐང་བདེ་བ་ཆེན་པོའི་ ཕོ་བྲང་ཉམས་གསོ་ཞུ་བའི་སྐབས་ལུ་ཡང་ ས་ཁོངས་དེ་གི་རྡོ་ཚུ་ ལག་ལེན་འཐབ་ཡོདཔ་ཨིན་པས།
རྡོ་བཏོན་ནིའི་ལཱ་ཚུ་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་ལུ་ རྩིས་སྤྲོད་འོང་ཟེར་ ལས་འགུལ་འཛིན་སྐྱོང་པ་གིས་ སླབ་ཨིན་པས།
རྫོང་གསར་བཞེངས་ལས་འགུལ་ལུ་མཁོ་བའི་ ཤིང་ཆས་བཏོན་ནིའི་དོན་ལུ་ ཕོབ་སྦྱིས་ཁ་རྒེད་འོག་ནང་ ཀོང་ཤིང་སླ་བསྲེས་བའི་ ནགས་ཤིང་རྩ་བོ་༤༠༠ དང་ དྭངས་ཆུ་རྒེད་འོག་ནང་ ཤུགཔ་ཤིང་༤༩ ན་ཧི་རྒེད་འོག་ནང་ ཅཱམ་ཟེར་མི་ ནགས་ཤིང་༧༠ བརྡབས་ཡོདཔ་ད་ ད་རུང་ གཞལམ་སྒང་རྫོང་ཁག་ནང་ ཅཱམ་ཤིང་༡༠༠ བརྡབས་ཡོད་ཟེར་ ལས་སྐྱིད་དབང་ཕྱུག་གིས་ སླབ་ཨིན་པས།
ནགས་ཤིང་ཚུ་ གསར་བཞེངས་ཀྱི་ ལཱ་འགོ་མ་བཙུགས་པའི་ ཟླཝ་དག་པ་ཅིག་གི་ཧེ་མར་ བརྡབས་དགོ་མི་དེ་ཡང་ ཤིང་ཆས་དྲ་ནིའི་དོན་ལུ་ ཤིང་དྲ་ཁང་ནང་ མ་བསྐྱལ་བའི་ཧེ་མར་ སྐམ་བཅུག་ཐབས་ལུ་ཨིན་ཟེར་ ལས་སྐྱིད་རྡོ་རྗེ་གིས་ བཤདཔ་ཨིན་པས།
དེ་མ་ཚད་ སྤ་རོ་དང་ བུམ་ཐང་ལས་ སྟོང་ཕུ་ཤིང་སི་ཨེཕ་ཊི་༡༦,༠༠༠ བསྡུ་ལེན་འབད་དེ་ བསམ་ཐང་ཤིང་མཛོད་ཁང་ནང་ བསྐྱལ་ཡོདཔ་ད་ དེ་ནང་ ཤིང་དྲ་ཁང་ཅིག་ཡང་ སྒོ་ཕྱེ་ནི་ཨིན་པས།
དབང་འདུས་ཕོ་བྲང་རྫོང་གསར་བཞེངས་ཀྱི་ བཟོ་བཀོད་ཚུ་ ལམ་སྲོལ་ལས་ཁུངས་ཀྱིས་ གྲ་སྒྲིག་འབད་བའི་ཤུལ་ལུ་ ཧེ་མའི་ འབྲུག་ཕུན་སུམ་ཚོགས་པའི་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཆ་འཇོག་གྲུབ་གནང་ཡོདཔ་ཨིན་པས།
དེ་ལས་ རིན་ཆེན་སྒང་སློབ་གྲྭ་གི་ལྟག་ལུ་ ཉམས་སྲུང་ལས་འགུལ་ཐོག་ལས་ སྤྱི་དོན་ཁང་དང་ རྫོང་བདག་གི་ སྡོད་ཁྱིམ་རྐྱབ་མི་དེ་ སྤྱི་ཟླ་༦ པའི་ཚེས་༡༩ ལུ་ སྒོ་འབྱེད་འབད་ནི་ཨིན་པས།
ཉམས་སྲུང་ལས་འགུལ་གྱི་ཐོག་ལས་ ར་དྭག་ལྷ་ཁང་གི་ སྦོ་ལོགས་ཁར་ སློབ་གྲྭ་ཅིག་རྐྱབ་སྟེ་ དགེ་སློང་༦༠ སྤོ་བཤུད་འབད་བའི་ཁར་ ལྟ་རྫོང་གི་ ས་ཁོངས་ནང་ དགེ་སློང་ཞལ་གྲངས་༡༡༠ ཤོང་མི་ སྒྲིང་ཁྱིམ་ཐོག་ཚད་༢ འབད་མི་ཅིག་ རྐྱབ་ཡོདཔ་ད་ མ་དངུལ་ས་ཡ་༡༧ དེ་ཅིག་གི་ཐོག་ལས་ བ་འཇོ་ཁྲོམ་གྱི་ལྟག་ལུ་ མཆོད་ཁང་ཅིག་ རྐྱབ་མི་དེ་ ད་ལྟོ་ གནས་སྐབས་ཅིག་གི་དོན་ལུ་ རྫོང་ཁག་བདག་སྐྱོང་ཡིག་ཚང་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment