གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༡༢/༦/༢༠༡༣   ཆང་འཐུང་ནི་ལས་ བཤོལ་བཞག་འབད་ནི་གི་ ཐབས་ཤེས་ཡོདཔ་ཨིན་ན?
༉ འབྲུག་མི་ཚུ་ལུ་ ཤི་རྐྱེན་བྱུང་མིའི་ རྒྱུ་རྐྱེན་གཙོ་བོ་ཅིག་ ཆང་ལུ་བརྟེན་ཨིན་པའི་ ངོས་འཛིན་འབད་དེ་ཡོདཔ་ཨིན།
དེ་མ་ཚད་ སྤྱི་ལོ་༢༠༡༣ གྱི་ གསོ་བའི་ལོ་བསྟར་གནས་དེབ་ནང་ཡང་ ཆང་ལུ་བརྟེན་པའི་ མཆིན་པའི་ནད་གཞི་ཚུ་ལུ་བརྟེན་ ཤི་རྐྱེན་བྱུང་མི་དེ་ རྒྱལ་ཁབ་ནང་ མཐོ་ཤོས་ཅིག་ཨིནམ་སྦེ་ གསལ་བཀོད་འབད་ནུག།



དེ་ཡང་ གསོ་བའི་གནས་ཚུལ་སྙན་ཞུ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༢ ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ སྨན་ཁང་ཚུ་ནང་ ནདཔ་༢,༠༥༩ ལུ་ སྨན་བཅོས་འབད་མིའི་གྲས་ལས་༡༤༠ ཆང་ལུ་བརྟེན་པའི་ མཆིན་ནད་ཐོབ་སྟེ་ ཤི་རྐྱེན་བྱུང་ཡོདཔ་ད་ སྤྱི་ལོ་༢༠༡༡ ལུ་ ཆང་གིས་སྦེ་ ནདཔ་༡༦༩ ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ ཚ་གྱང་ལང་དགོ་པའི་ གནས་སྟངས་ཅིག་ཨིན་མས།
གནས་སྡུད་གསོལ་བཀོད་འབད་མི་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་འབད་བ་ཅིན་ རྒྱལ་ཁབ་ནང་ སྤྱི་ལོ་༢༠༡༠ ལུ་ ཆང་ཐོན་སྐྱེད་འབད་མི་ ཡོངས་བསྡོམས་ལས་ བརྒྱ་ཆ་༩༧.༣ ནང་འཁོད་ལུ་ བཙོང་ཡོདཔ་ད་ འདས་པའི་ལོ་ངོ་བཅུ་ཕྲག་ཅིག་ནང་ ཆང་ལུ་བརྟེན་པའི་ མཆིན་ནད་ཐོབ་མི་དང་ ཤི་རྐྱེན་བྱུང་མིའི་ གྱངས་ཁ་ཚུ་ཡང་ ཡར་སེང་སོང་བའི་ མངོན་གསལ་བྱུང་ནུག།
ལོ་གསུམ་གྱི་ཧེ་མར་ སྤྱི་ཚོགས་ཀྱིས་ ཆང་གི་བཙོང་ཁྲལ་བརྒྱ་ཆ་༡༠༠ ཡར་སེང་རྐྱབ་མིའི་ དམིགས་ཡུལ་དེ་ཡང་ འབྲུག་མི་ཆང་འཐུང་མི་ མར་ཕབ་འབད་ཐབས་ལུ་ཨིན་མས།
འདི་འབདཝ་ད་ ཆང་གི་གོང་ཚད་ག་དེམ་ཅིག་ར་ ཡར་སེང་སོང་ཡོད་རུང་ ཆང་འཐུང་མི་ མར་འབབ་མེན་པར་ མི་སེར་གྱི་ འོང་འབབ་ཡར་སེང་དང་ དཔལ་འབྱོར་གོང་འཕེལ་ལུ་བརྟེན་ ལྷག་པར་དུ་ ཡར་སེང་སོང་ནུག།
དེ་ལས་ མཐའ་ཟུར་གྱི་ གྲོང་གསེབ་ཚུ་ནང་ གེ་ཟ་བཟུམ་མའི་ ལོ་ཐོག་ཚུ་ འཕྲོ་བརླག་གཏང་ནི་ བཀག་ཐབས་ལུ་ རྫོང་ཁག་དང་ རྒེད་འོག་བདག་སྐྱོང་གིས་ གཡུས་ཆང་བཟོ་མ་ཆོགཔ་ བཟོ་ཡོད་མི་དེ་གིས་ ཕན་ཁྱད་བྱུང་ཡོད་རུང་ ད་རེས་ནངས་པ་ ནང་འདྲེན་འབད་བའི་ཆང་རིགས་ བི་ཡར་དང་ རྒྱལ་ཁབ་ནང་འཁོན་ལས་ ཐོན་སྐྱེད་འབད་མི་ བི་ཡར་ཚུ་ གཡུས་ཁའི་མི་སེར་ཚུ་གིས་ རྒྱ་ཆེཝ་སྦེ་ འཐུང་དོ་ཡོདཔ་ལས་ མི་ལུ་ ཤི་རྐྱེན་བྱུང་མི་དེ་ འདི་བཟུམ་མའི་ ཆང་འཐུང་མི་ལུ་བརྟེན་ཨིནམ་སྦེ་ ཁ་ཉེས་བཀལཝ་ཨིན་མས།
མ་གཞི་ གཡུས་ཆང་གིས་ རྫས་སྦྱོར་བླུགས་མི་ ཆང་བཟུམ་སྦེ་ མིའི་འཕྲོད་བསྟེན་ལུ་ གནོད་པ་སྦོམ་མེདཔ་སྦེ་ ཆ་བཞགཔ་ཨིན་རུང་ གྲོང་གཡུས་ཚུ་ནང་ ཆང་བཟོ་ནི་མེདཔ་སྦེ་ བཀག་ཆ་འབད་མི་དེ་གིས་ གྲོང་གསེབ་མི་སེར་ཚུ་ལུ་ རྫས་སྦྱོར་སླ་བསྲེས་ཏེ་བཟོ་མི་ འཕྲུལ་ཁང་གི་ ཆང་ཚུ་ ཉོ་འཐུང་མི་དེ་གིས་ མཆིན་ནད་ཐོབ་དོ་འོང་ནི་མས་ཟེར་ མི་ལ་ལུ་ཅིག་གིས་ སླབ་ཨིན་མས།
རྒྱལ་ཁབ་ཀྱི་ ལུང་ཕྱོགས་ཚུ་གི་གྲས་ལས་ཡང་ དམིགས་བསལ་དུ་ འབྲུག་ཤར་ཕྱོགས་ཁ་ཐུག་ལུ་ རིམ་གྲོ་དང་ ནཝ་ཚཝ་ཕོགཔ་ད་ དེ་ལས་ ཚེས་བཅུ་དང་ སྤྲོ་སྟོན་ གཉེན་སྟོན་ མགྲོན་སྐྱོང་གི་དོན་ལུ་ ཆང་དེ་ ཨིན་ཅི་མིན་ཅི་ དགོ་མི་ལུ་བརྟེན་ ཆང་འཐུང་མི་མང་སུ་ཐོནམ་ཨིན་མས།
ཆང་འཐུང་མི་ མར་ཕབ་རྐྱབ་ནི་དང་ ཡང་ཅིན་ བཤོལ་བཞག་འབད་འོས་པའི་ ཐབས་ཤེས་ག་ཅི་ཡོདཔ་ཨིན་ན?
ད་རེས་ནངས་པའི་ མི་ཚུ་གི་ འཚོ་བའི་གནས་སྟངས་དང་ མི་མང་ཤོས་ཀྱིས་ ཆང་འཐུང་མིའི་ གནས་ཚད་ལུ་ལྟཝ་ད་ ཆང་ལུ་བརྟེན་པའི་ མཆིན་ནད་ཐོབ་མི་དང་ ཤི་རྐྱེན་མར་ཕབ་རྐྱབ་ཚུགས་པར་ ལཱ་ཁག་འོང་ནི་ཨིན་རུང་ ཆང་གིས་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་ཉེན་ཡོད་པའི་སྐོར་ མི་མང་ལུ་ བརྡ་དོན་ཤེས་ཡོན་མཚམས་འཇོག་སྦེ་ མ་བཞག་པར་ འཕྲོ་མཐུད་དེ་ར་ འགོ་འདྲེན་འཐབ་དགོཔ་མ་ཚད་ རབ་བྱུང་པ་ཅིན་ ཆང་ཁང་གི་ ཆོག་ཐམ་སྤྲོད་ནི་ཚུ་ དམ་འཛིན་འབད་བ་ཅིན་ ཆང་ལུ་བརྟེན་པའི་ ཤི་རྐྱེན་བྱུང་མིའི་ གྱངས་ཁ་མར་འབབ་འགྱོ་འོང་ཟེར་ ཞུ་ནི་ཨིན།

No comments:

Post a Comment