གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤ་རོ་ལུ་ སྲིད་ཚོགས་གསརཔ་ཚུ་ ཡོངས་གྲགས་མེདཔ།

༣/༦/༢༠༡༣   ༉ སྤ་རོ་རྫོང་ཁག་ནང་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་བཙུགས་མི་ མང་ཤོས་ཅིག་གིས་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་ནང་ ཚོགས་རྒྱན་བཙུགས་ཡོདཔ་ལས་ སྲིད་ཚོགས་གསརཔ་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་སྤྱིར་དབང་ཚོགས་པ་གཉིས་ལུ་ རྒྱབ་སྐྱོར་གངམ་ མེདཔ་ཨིན་པས།


སྤ་རོ་རྫོང་ཁག་ནང་ འདེམས་ཁོངས་༢ ཡོད་ས་ལས་ ལམ་གོང་ཝང་ལྕང་གིས་ འབྲུག་ཕུན་སུམ་ཚོགས་པ་ གདམ་འཐུ་འབད་ཡོདཔ་ད་ རྡོ་སྒར་ཤར་པ་གིས་ མི་སེར་དམངས་གཙོ་ཚོགས་པ་ གདམ་འཐུ་འབད་ཡོདཔ་ཨིན་པས།
སྤ་རོ་ལུ་ ཐོ་བཀོད་འབད་དེ་ཡོད་མི་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་བཙུགས་མི་བསྡོམས་༡༦༣༩༣ ཡོད་ས་ལས་ འགོ་ཐོག་བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ ཚོགས་རྒྱན་བཙུགས་མི་བསྡོམས་༡༡༠༦༡ ཡོད་ས་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་༤༧༩༠ ཐོབ་ཡོདཔ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༤༦༧༦ དེ་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་༡༡༦༢ དེ་ལས་ འབྲུག་སྤྱིར་དབང་ཚོགས་པ་གིས་ ཚོགས་རྒྱན་༤༣༣ ཐོབ་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ ལམ་གོང་ཝང་ལྕང་གི་ ཚོགས་རྒྱན་བཙུགས་མི་ ལ་ལུ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ འདས་པའི་གཞུང་ འབྲུག་ཕུན་སུམ་ཚོགས་པ་གིས་ མི་སེར་ལུ་ རྒྱབ་སྐྱོར་ག་དེ་དྲག་དྲག་བྱིན་ཡོདཔ་ལས་བརྟེན་ ཁོང་གི་ཁ་ཐུག་ལས་ འབྲུག་ཕུན་སུམ་ཚོགས་པ་ ལོག་སྟེ་ར་ གཞུང་སྐྱོང་གི་གོ་སྐབས་འཐོབ་ནི་ནང་ རྒྱབ་སྐྱོར་འབད་ནི་ཨིན་ཟེར་ སླབ་ཨིན་པས།
ཨིན་རུང་ སྤ་རོ་ལམ་གོང་ལས་ མི་སེར་དམངས་གཙོ་ཚོགས་པ་ནང་ ཚོགས་རྒྱན་བཙུགས་མི་ཅིག་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ འགྱུར་བ་འོང་དགོཔ་དེ་ ཁག་ཆེཝ་ཨིནམ་ལས་བརྟེན་ ཁོང་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་ཅི་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་ འབད་བ་ཅིན་ ད་ལྟོ་ ཚོགས་པ་གཞན་མི་དེ་ གཞུང་སྐྱོང་གི་ གོ་སྐབས་མ་བྱིན་པ་ཅིན་ གཞུང་སྐྱོང་ནི་ནང་ ཚོགས་པ་ག་དེ་ ལེགས་ཤོམ་ཡོདཔ་ཨིན་ན་ ཁྱད་པར་རྩ་ལས་ར་ ཕྱེ་མི་ཚུགས་ཟེར་ཨིན་པས།
དེ་འབདཝ་ལས་ གཞུང་སྐྱོང་མི་དེ་ ཚོགས་པ་གཅིག་ར་མེན་པར་ སོར་ཡི་སོར་ཡི་ར་ མི་སེར་ཚུ་གིས་ གོ་སྐབས་བྱིན་པ་ཅིན་ དྲག་ནི་བཟུམ་ཅིག་ མཐོངམ་མས་ཟེར་ཨིན་པས།
སྐྱེས་ལོ་༢༦ ལང་མི་ ཚོང་པ་ཅིག་གིས་ སླབ་མིའི་ནང་ མ་གཞི་ སྤྱི་ལོ་༢༠༡༣ གི་ བཙག་འཐུ་གི་དོན་ལུ་ ཚོགས་པ་༤ ཡོད་ནི་དེ་གིས་ མི་སེར་ཚུ་ལུ་ གདམ་འཐུ་འབད་ནི་གི་ གོ་སྐབས་བྱིན་ཡོད་རུང་ ཚོགས་པ་༢ པོ་དེ་ གསརཔ་འབད་ནི་དེ་གིས་ ཡོངས་གྲགས་ཅིག་མེདཔ་ལས་ མི་སེར་ཚུ་གིས་ གནམ་མེད་ས་མེད་ཅིག་ རྒྱབ་སྐྱོར་འབད་མ་བཏུབ་པས་ཟེར་ཨིན་པས།
དེ་མ་ཚད་ ས་གནས་ག་ཏེ་འགྱོ་རུང་ མི་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་༢ ལུ་རྒྱབ་སྐྱོར་འབད་བའི་ལོ་རྒྱུས་མ་གཏོགས་ གཞན་མི་ ཚོགས་པ་༢ ཀྱི་ བློ་ར་འཐོན་ནི་མིན་འདུག་ཟེར་ཨིན་པས།
དེ་སྦེ་བྱུང་དགོ་མི་དེ་ཡང་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་གཉིསཔོ་དེ་ འབྲུག་རྒྱལ་ཁབ་ནང་ དམངས་གཙོའི་གཞུང་ འགོ་དང་པ་ གཞི་བཙུགས་འབད་བའི་བསྒང་གི་ ཚོགས་པ་ཅིག་འབད་ནི་དེ་གིས་ ཨིནམ་འོང་ནི་མས་ཟེར་ ཚོང་དཔོན་དེ་གིས་ བཤདཔ་ཨིན་པས།
ཨིན་རུང་ འགོ་ཐོག་བཙག་འཐུ་ནང་ བཅའ་མར་གཏོགས་མི་ ལ་ལུ་ཅིག་གིས་ སླབ་མིའི་ནང་ ད་རེས་ཀྱི་ཐད་ཁར་ ཚོགས་པ་བཙག་འཐུ་འབད་ནི་ དེ་གིས་ དེ་ནང་གི་ འདེམས་ངོ་ལུ་མ་བལྟ་བར་ ཚོགས་པ་ལྟ་སྟེ་ ཚོགས་རྒྱན་བཙུགས་ཅི་ཟེར་ཨིན་པས།
དེ་འབདཝ་ད་ སྤྱིར་བཏང་བཙག་འཐུའི་སྐབས་ལུ་ ལྕོགས་གྲུབ་ཡོད་མི་ འདེམས་ངོ་གདམ་འཐུ་འབད་ནི་དེ་ ཁག་ཆེཝ་ལས་ ཚོགས་པ་ལུ་ དམིགས་པ་བསྐྱེད་ནི་མེན་པར་ རང་ལུ་ཕན་ཐོགས་མི་ འདེམས་ངོ་དེ་ལུ་ ཚོགས་རྒྱན་བཙུགས་ཏེ་ གདམ་ཁ་རྐྱབ་དགོཔ་དེ་ ཁག་ཆེ་ཟེར་ ཚོགས་རྒྱན་བཙུགས་མི་ བསོད་ནམས་རྒྱལ་མཚན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment