གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒརཔ་ཚུ་གིས་མནོ་མི་དེ་ རྫོང་ཁག་གཞན་ཚུ་གིས་ བརྡ་ལོག་སོང་ཡོདཔ།

༡/༦/༢༠༡༣   ༉ མོང་སྒར་རྫོང་ཁག་ནང་གི་ རྒེད་འོག་༡༧ གྱི་ནང་ ཚོགས་རྒྱན་བཙུགས་སའི་ས་ཁོངས་༧༦ ཡོད་མི་ཚུ་ལས་ ཁ་ཙ་ ཚོགས་རྒྱན་གྱི་གྲངས་རྩིས་བཏོན་པའི་སྐབས་ལུ་ ས་ཁོངས་ལ་ལུ་ཅིག་ལས་ ཕྱི་རུ་གནམ་བསྲོ་ཞིནམ་ལས་རྐྱངམ་གཅིག་ ཚོགས་རྒྱན་གྱི་ གྲུབ་འབྲས་ཚུ་ལྷོད་མ་ཚུགས་མི་ལུ་བརྟེན་ བཙག་འཐུའི་འགོ་དཔོན་ཚུ་ ནང་དོགས་ཡོདཔ་མ་ཚད་ བརྡ་བརྒྱུདཔ་ཚུ་ཡང་ གཞན་མི་རྫོང་ཁག་ཚུ་བཟུམ་སྦེ་ གནས་ཚུལ་ སྐྱེལ་མ་ཚུགས་མི་ལུ་བརྟེན་ མི་ཚུ་དབུག་འགམ་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀརྨ་ལྷ་མོ།


དེ་ཡང་ ཚོགས་རྒྱན་གྲུབ་འབྲས་མཇུག་ར་ རྫོང་ཁག་དེ་ནང་ འདེམས་ཁོངས་༣ ཡོད་པའི་གྲས་ལས་ སྐྱེངས་མཁར་- ཝེ་རིང་ལ་འདེམས་ཁོངས་ཀྱི་གྲུབ་འབྲས་དེ་ ཕྱི་རུའི་ཆུ་ཚོད་༩ དེ་ཅིག་ལུ་ མ་གཏོགས་བཏོན་མ་ཚུགས་མི་ལུ་བརྟེན་ རྫོང་ཁག་གཞན་ཚུ་གིས་ གྲུབ་འབྲས་ཚུ་ རྒྱང་མཐོང་ཐོག་ལུ་གསལ་སྟོན་འབད་བའི་སྐབས་ལུ་ མོང་སྒར་གྱི་གྲུབ་འབྲས་གསལ་སྟོན་འབད་ནི་མེདཔ་ལས་ རྫོང་ཁག་གཞན་ཁར་སྡོད་མི་ མོང་སྒརཔ་ཚུ་གིས་ ཁོང་རའི་ཆ་རོགས་ཚུ་ལུ་ ལོ་རྒྱུས་དྲི་ནིའི་དོན་ལུ་ འགྲུལ་འཕྲིན་ཚུ་ གཅིག་ཤུལ་གཉིས་སྦེ་ ལྷོད་ཡོདཔ་མ་ཚད་ བརྡ་བརྒྱུད་ལས་ཁང་ཚུ་ལས་ཡང་ འགྲུལ་འཕྲུན་ཚུ་ ལྷོད་སར་མཐོང་ཡི།
རྫོང་ཁག་གཞན་ཚུ་ནང་ མོང་སྒར་པ་ལེ་ཤ་ཅིག་གིས་ མནོ་མིའི་ཚོགས་པ་གིས་ ཚོགས་རྒྱན་དེ་ཉུང་སུ་ཡོད་མི་ལུ་བརྟེན་ མོང་སྒར་གྱི་གྲུབ་འབྲས་བལྟ་ནིའི་དོན་ལུ་ཨིན་རུང་ མོང་སྒར་ལུ་ གྲུབ་འབྲས་ག་དེམ་ཅིག་ མཐོ་སུ་སྦེ་འཐོབ་རུང་ རྫོང་ཁག་གཞན་ཁ་ལས་ ཕམ་སོ་པ་ཅིན་ ཁུངས་མེད་ནི་དེ་གིས་ མནོ་དོན་དེ་འགྲུབ་མི་ཚུགས་ནི་མས་ཟེར་ གྲུབ་འབྲས་མ་བཏོན་པའི་ཧེན་མ་ལས་ མི་སྡེའི་བརྡ་བརྒྱུད་ཚུ་ལས་ ཧ་གོ་ཡོད་པའི་ ཚོར་སྣང་ཅིག་མ་བྱུངམ་ཨིན་པས།
མོང་སྒརཔ་ཚུ་གིས་འབད་བ་ཅིན་ སྤྱིར་བཏང་བཙག་འཐུའི་དོན་ལུ་ ཚོགས་པ་༤ ཡོད་པའི་གྲས་ལས་ མཉམ་རུབ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པ་ལུ་ རེ་བ་བསྐྱེད་ཡོདཔ་ད་ ཨིན་རུང་ མཐའན་མཇུག་ལུ་ གྲུབ་འབྲས་ལས་ འབྲུག་ཕུན་སུམ་ཚོགས་པའི་འོག་ལས་ར་ མི་སེར་དམངས་གཙོ་ཚོགས་པ་གིས་ཐོན་ཡོདཔ་ལས་ མི་སེར་ལ་ལུ་ཅིག་ སེམས་དང་མ་ལྡནམ་ཨིན་པས།
མོང་སྒར་ཁྲོམ་གྱི་ཚོགས་པ་ཅིག་གིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ ད་ལྟོ་ཚུན་ རྒྱལ་ཁབ་ནང་ འགོ་ཁྲིདཔ་དེ་ ཨམ་སྲུ་གིས་ འབད་འབདཝ་མེདཔ་མ་ཚད་ འབད་ཚུགས་པའི་ལྕོགས་གྲུབ་ཡང་ མི་འོང་ཟེར་ཨིནམ་ད་ ད་རེས་ནངས་པ་ དེང་སེང་ཤེས་རིག་དང་འཁྲིལ་ ཕོ་མོ་དབྱེ་བ་མེད་ཟེར་སླབ་མི་དེ་ མི་བདེན་ཟེར་ཨིན་མི་དེ་ཡང་ འབྲུག་གི་མི་རློབས་མང་ཤོས་ཅིག་ མཐའ་ཟུར་གྱི་གཡུས་ཚན་ཚུ་ནང་ ཤེས་ཡོན་མེད་མི་ཚུ་ཨིནམ་ལས་བརྟེན་ ཕོ་མོའི་ཁྱད་པར་ཡོད་པའི་ལམ་ལུགས་སྲོལ་གྱི་ གོམས་གཤིས་ལས་བརྟེན་ཨིན་ཟེར་ཨིན་པས།
མོང་སྒར་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་ཆོག་མི་༣༠༣༩༢ ཡོད་པའི་གྲས་ལས་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ མི་གྲངས་༡༥༥༦༡ གིས་ ཚོགས་རྒྱན་བཙུགས་ཡོད་པའི་གྲས་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༨༧༨༨ ཐོབ་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པ་གིས་༣༤༦༧ མི་སེར་དམངས་གཙོ་ཚོགས་པ་གིས་༢༨༨༥ དེ་ལས་ འབྲུག་སྤྱིར་དབང་ཚོགས་པ་གིས་༤༢༡ ཐོབ་མི་དེ་ དམའ་ཤོས་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༡༦༨༦ དང་ མི་སེར་དམངས་གཙོ་ཚོགས་པ་གིས་༡༠༡༢ འབྲུག་མཉམ་རུབ་ཚོགས་པ་གིས་༧༠༩ད་རུང་ དམའ་ཤོས་ར་ འབྲུག་སྤྱིར་དབང་ཚོགས་པ་གིས་༥༣ ཐོབ་ཡོདཔ་ཨིན་པས།
མོང་སྒར་ལུ་སྡོད་མི་ ལ་ལུ་ཅིག་གིས་ བསམ་འཆར་ལས་འབད་བ་ཅིན་ རྒྱལ་ཁབ་ནང་ ལེགས་འགྱུར་གྱི་དོན་ལུ་ སྲིད་དོན་ཚོགས་པ་ཚུ་ སོར་དགོཔ་ཨིན་རུང་ ཉིནམ་མཇུག་ལུ་ གྲུབ་འབྲས་དེ་བཟུམ་འཐོན་མི་དེ་ཡང་ དམངས་གཙོའི་ལམ་ལུགས་ཅིག་ཨིནམ་ལས་ ཆ་གནས་མ་འབད་བར་ ཐབས་མེད་ཟེར་ཨིནམ་ད་ མི་སེར་ལ་ལུ་ཅིག་གིས་འབད་བ་ཅིན་ ད་རེས་ཕམ་མི་ཚོགས་པ་༢ ཀྱི་གྲས་ལས་ འདེམས་ངོ་ སྒྲིང་སྒྲིང་ཡོད་མི་ཚུ་གིས་ མི་སེར་དམངས་གཙོ་ཚོགས་པ་ནང་འཛུལ་ཞིནམ་ལས་ འབྲུག་ཕུན་སུམ་ཚོགས་པ་ལུ་ དོ་འགྲན་ཅན་ཅིག་ མི་བཟོ་ག་ཟེར་བའི་ དོགས་པ་ཡོད་ཟེར་བཤདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ འཇིགས་མེད་བཟང་པོ་གིས་འབད་བ་ཅིན་ སྲིད་ཚོགས་གཞན་ནང་འཛུལ་ནིའི་རེ་བ་མེད་ཟེར་ཨིནམ་ད་ ཁ་ཙ་གི་གྲུབ་འབྲས་དེ་ མི་སེར་ཚུ་གིས་ གདམ་ཁའི་ཐོག་ལས་བཏོན་ཡོད་པའི་གྲུབ་འབྲས་ཨིནམ་ལས་ མི་སེར་ཚུ་ལུ་ ཆ་གནས་ཡོད་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment