གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགར་བའི་ལཱ་གི་སྲོལ་རྒྱུན་ ཉམས་ཉེན་ཡོད་པའི་ཚ་གྱང་།

༡༡/༦/༢༠༡༣   ༉ མོང་སྒར་རྫོང་ཁག་ ཐང་རོང་རྒེད་འོག་ གླིང་མཁར་གཡུས་ཚན་ནང་འགྱོ་མི་ཚུ་གིས་ ས་གནས་ དུ་གླིང་ཟེར་ས་ལུ་ལྷོད་པའི་སྐབས་ ལུང་གཤོང་གི་སྦོ་ལོགས་ཁ་ལས་ ལྕགས་ཐོཝ་གི་ སྐད་གོ་མི་དེ་ ག་ཅི་གི་སྐད་ཨིན་ན་ མནོ་བསམ་མ་བཏང་པར་ ཕྲང་ཕྲང་ར་ ས་གནས་དེ་ཁའི་མི་སེར་ཚུ་ལུ་ དྲི་ལྟ་བ་ཅིན་ ཤེས་ཚུགས་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༥༤ ལང་མི་མགརཝ་དཀར་ཅུང་གིས་ གཟན་ལྕགས་དང་ ཟ་རུ་ཚུ་བཟོ་བའི་བསྒང་།


དེ་ཡང་ ལྕགས་ཐོཝ་གི་སྐད་གོ་མི་དེ་ སྐྱེས་ལོ་༥༤ ལང་མི་ མགརཝ་ དཀར་ཅུང་གིས་ ཐབ་ཚང་ནང་དགོ་པའི་ཅ་ཆས་ གཟན་ལྕགས་དང་ ཟ་རུ་ཚུ་ བརྡུང་དོ་ཡོདཔ་ལས་བརྟེན་ དུང་གླིང་གཡུས་ཚན་གྱི་འཁོར་ལམ་འོག་ལུ་ བྱང་ས་ཆུང་ཀུ་ཅིག་ མཐོང་ནི་ཡོད་མི་དེ་ ཁོ་གི་ མགར་ཁང་ཨིན་པས།
ཁོ་རའི་མགར་ཁང་གི་ལྟག་ལུ་ ཚོང་ཁང་ཆུང་ཀུ་ཅིག་ཡོད་མི་དེ་ ཁོ་གི་ཨའི་གི་ཚོང་ཁང་ཨིནམ་ད་ དེ་ནང་ལས་ ཉིན་བསྟར་བཞིན་དུ་སྤྱོད་དགོ་པའི་ ཚྭ་དང་མར་ཁུ་ཚུ་བཙོང་དོ་ཡོདཔ་ད་ མི་སེར་ཚུ་གིས་ མཁོ་འདོད་བཀོད་མི་ གཟན་ལྕགས་མ་འདྲཝ་ཚུ་ ཨ་པ་གིས་བརྡུང་སྟེ་ འོང་འབབ་བཟོ་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༥༤ ལང་མི་ དཀར་ཅུང་གིས་ དེ་བཟུམ་གྱི་མགར་བའི་ཡོན་ཏན་དེ་ སྐྱེས་ལོ་༡༨ དེ་ཅིག་ལས་ ཁོ་རའི་ཨ་ཞང་ལས་ ལྷགཔ་ཡོད་མི་གིས་ ད་རེས་ནངས་པ་ དེ་བཟུམ་གྱི་གནས་སྟངས་ཐོག་ལུ་ འོང་འབབ་བཟོ་ཚུགས་མི་དེ་ གཙོ་བོ་ར་ ཨ་ཞང་གི་བཀྲིན་ཨིན་ཟེར་ཨིནམ་ད་ ཁོ་གི་ཤུལ་བཞག་བཟུམ་སྦེ་ ད་ལས་ཕར་ ཁོ་མེད་པའི་ཤུལ་ལུ་ ག་ལུ་ཡང་ སྤེལ་བཞག་མི་ཚུགས་ནི་ཨིནམ་ལས་ ཚ་གྱང་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ ཨ་ལུ་ཚུ་ ཆུང་ཀུ་བསྒང་ལས་ སློབ་གྲྭ་ནང་འགྱོ་དོ་ཡོདཔ་ལས་ དེ་བཟུམ་གྱི་ སྔར་སྲོལ་ལམ་ལུགས་ཀྱི་ཐོག་ལུ་ ལཱ་འབད་ནི་ལུ་ སྤྲོ་བ་བསྐྱེད་མི་མིན་འདུག་ཟེར་ཨིནམ་མ་ཚད་ ཁོ་ལུ་ བུ་གཞིས་ཅིག་མེདཔ་ལས་བརྟེན་ མགར་བའི་སྲོལ་ཁྱུན་དེ་ ཕ་ལས་བུ་དང་ བུ་ལས་ཚ་བོ་ལུ་ བཞག་མི་ཚུགས་ནི་མས་ཟེར་ཨིན་པས།
ད་རེས་ནངས་པ་ ཐང་རོང་རྒེད་འོག་བཟུམ་ཅིག་ནང་འབད་བ་ཅིན་ མགརཝ་ཁོ་ར་ཅིག་ལས་བརྒལ་མེད་ཟེར་ཨིནམ་ད་ ཐབ་ཆས་ཚུ་ཡང་ ཧེ་མ་བཟུམ་སྦེ་ ཉོ་མི་མེད་མི་དེ་ཡང་ དེང་སང་ ཡར་རྒྱས་གོང་འཕེལ་གྱི་འགྱུར་བ་ལུ་བརྟེན་ ཅ་ཆས་ག་ཅི་དགོ་རུང་ ཁྲོམ་ཁ་ལས་ འཐོབ་ཆོག་ཆོག་ཡོད་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
ཁོ་གིས་ མགར་བའི་ལཱ་ལུ་བརྟེན་ འོང་འབབ་དངུལ་ཀྲམ་༡༥,༠༠༠ ལས་༢༠,༠༠༠ དེ་ཅིག་བཟོ་ཚུགས་དོ་ཡོདཔ་ད་ དེ་ཡང་ གཟན་ལྕགས་རེ་ལུ་ གོང་ཚད་དངུལ་ཀྲམ་༡༥༠ ལས་༣༥༠ གི་བར་ན་ འཐོབ་དོ་ཡོདཔ་ད་ གཡུས་མི་ཚུ་གིས་ ཅ་ཆས་མཁོ་འདོད་བཀོད་དེ་འོང་པ་ཅིན་ ལཱ་ཚུ་རྒྱབ་སྐྱུར་མ་བཞག་པར་ རྩ་འགེངས་ཏེ་ འབད་དོ་ཡོདཔ་ལས་བརྟེན་ ཨིན་ཟེར་ཨིན་པས།
ཅ་ཆས་ཚུ་ བརྡུང་ནིའི་དོན་ལུ་ རྒྱུ་ཆས་ཚུ་ཡང་ ཧེ་མའི་ཅ་ཆས་རག་རོ་ཚུ་གིས་སྦེ་ ལོག་བཟོ་དོ་ཡོདཔ་ལས་ བཟོ་བཀོད་ཡང་ དང་ཕུ་གི་ ལུགས་སྲོལ་ཐོག་ལས་ འབད་དོ་ཡོདཔ་ད་ མི་སེར་མང་ཤོས་ཅིག་གིས་ ཁྱིམ་ནང་ ཅ་ཆས་མ་བཏུབ་མི་ཚུ་ ཁོ་འབད་སར་ ལོག་བཟོ་བར་ འོངམ་མས་ཟེར་ཨིན་པས།
གཡུས་མི་ཚུ་གིས་འབད་རུང་ དེ་བཟུམ་གྱི་ལུགས་སྲོལ་དེ་ མ་འོངས་པ་ལུ་ ཉམས་འགྱོ་ནིའི་མས་ཟེར་ སླབ་མི་དེ་ ད་རེས་ནངས་པ་ ཅ་ཆས་ཚུ་ ག་དགོ་རུང་ ཁྲོམ་ཁར་ལས་འཐོབ་ཆོག་ཆོག་ཡོདཔ་ལས་ དེ་བཟུམ་གྱི་ལཱ་ལུ་ ན་གཞོན་ཚུ་གིས་ ལྷབ་ནི་ལུ་ སྤྲོ་བ་མེདཔ་ལས་བརྟེན་ ཨིན་ཟེར་ཨིནམ་ད་ དཀར་ཅུང་གིས་ཡང་ ཅ་ཆས་ཚུ་ ཉོ་མི་མ་འོང་པ་ཅིན་ གཡུས་སྒོའི་ནང་སོང་ཞིནམ་ལས་ བཙོང་དོ་ཡོདཔ་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

1 comment:

  1. གནས་ཚུལ་འདི་ལེགས་ཤོམ་ཅིག་འདུག་འདི་འབདཝ་ད་ གཟན་ལྕགས་དང་ ཟ་རུ་ཚུ་བཟོ་བའི་བསྒང་ ཟེར་མི་ཚིག་འདི་ནང་ བཟོ་ཟེར་མི་འདི་མི་བཏུབ་པས། འདིའི་ཚིག་འདི་ བརྡུངས་པའི་བསྒང་ཟེར་འབྲི་དགོཔ་འདུག།

    ReplyDelete