གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༡༡/༦/༢༠༡༣   དོ་འགྲན་ཁས་ལེན་ཡི་གུ་བཙུགས་པའི་སྐབས་ལས་ར་ ནན་ཞིབ་མཐིལ་ཕྱིན་འབད་དགོཔ། 
༉ སྤྱི་ཟླ་༥ པའི་ཚེས་༣༡ ལུ་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་མཇུག་བསྡུ་བའི་ཤུལ་ལུ་ སྲིད་ཚོགས་ཕམ་མི་ཚུ་ལས་ འདེམས་ངོ་༧ སྤྱིར་བཏང་བཙག་འཐུའི་དོན་ལུ་ མཐར་འཁྱོལ་བྱུང་མི་ སྲིད་དོན་ཚོགས་པ་ཅིག་ནང་ ལྷན་སྡེབ་འབད་བའི་ འུར་བྱེལ་ཆེ་དྲགས་བྱུང་མི་དེ་ འདས་པའི་རེས་གཟའ་ཟླ་བ་ལས་ མཇུག་བསྡུ་ཡོདཔ་བཞིན་དུ་ ད་རིས་ སྲིད་ཚོགས་༢ ཀྱི་ འདེམས་ངོ་༩༤ གིས་ གདམ་ངོའི་ཡིག་ཆ་བཙུགས་ཚར་དགོཔ་ཨིན་མས།


ནངས་པ་ལས་ འདེམས་ཁོངས་ངོས་ལེན་འགོ་དཔོན་ཚུ་གིས་ འདེམས་ངོ་ཚུ་གི་ གདམ་ངོའི་ཡིག་ཆ་ལུ་ བརྟག་ཞིབ་འབད་ནི་ཨིན་མི་དེ་ཡང་ ཡིག་ཆ་ཚུ་གི་གྲས་ལས་ ལཱ་གཡོག་ནང་ཨིན་པ་ཅིན་ དགོངས་ཞུའི་ངོས་ལེན་ཡི་གུ་དང་ ཁྲིམས་འདུན་ལས་ ཉེས་སྐྱོན་གྱི་ གནོད་འགེལ་ཅིག་ལུ་བརྟེན་ བཙོན་ཁྲིམས་ཕོག་ཕོགཔ་མེད་པའི་ ཉོགས་མེད་ཡི་གུ་ ཡང་ཅིན་ མི་དམངས་ལས་གཡོག་དང་ ལས་འཛིན་ཚུ་ལས་ ཕྱིར་འབུད་ ཡང་ཅིན་ བཏོན་བཏང་བཏངམ་ཨིན་མིན་ བརྟག་ཞིབ་འབད་ནི་ཨིན་མས།
དེ་མ་ཚད་ འདེམས་ངོ་དེ་གི་ བཙག་འཐུའི་ཟད་འགྲོ་གི་ རྩིས་ཁྲ་ཕུལ་མ་ཕུལ་དང་ སྒེར་མི་ངོ་རྐྱང་ ཡང་ཅིན་ ལས་སྡེ་གང་རུང་ཅིག་ལས་ སྤྱི་ཚོགས་ཀྱི་ བཙག་འཐུ་ཅིག་གི་ བསྐུལ་བསྒྲགས་ཀྱི་དོན་ལས་ མ་དངུལ་ཞུ་བསྐུལ་ ཡང་ཅིན་ རྣམ་གཞག་གང་རུང་ཅིག་གི་ཐོག་ལས་ མ་དངུལ་བཟོ་བཟོཝ་ཡོད་མེད་ཚུ་ ནན་ཞིབ་འབད་ནི་ཨིན་མས།
འདི་བཟུམ་མའི་ ཡིག་ཆ་ཚུལ་ལྡན་དང་ གོང་གསལ་གནད་དོན་གང་རུང་ཅིག་ནང་ འབྲེལ་གཏོགས་ཡོད་པ་ཅིན་ འདེམས་ངོ་ཚུ་ ཁྱད་ཚད་མེདཔ་ལུ་ འགྱུར་ནི་གི་ འོས་འབབ་ཡོདཔ་ཨིན།
བརྟག་ཞིབ་སྐབས་ལུ་ འབྲུག་མི་མེན་མི་དང་གཅིག་ཁར་ གཉེན་བསྡོམས་ཡོད་མེད་དང་ ཐག་མ་ཆོད་པའི་ རྩོད་གཞི་ཅིག་ནང་ ཉེས་ཆེན་གྱི་ ཁ་ཉེས་བཀལ་ཡོད་པའི་ཁར་ དབང་ལྡན་ཁྲིམས་འདུན་དེ་གིས་ དེ་ལུགས་ཀྱི་ ངོས་ལེན་གྲུབ་སྟེ་ འདེམས་ངོའི་རྒྱབ་འགལ་ལུ་ ཉེས་འཛུགས་བཀོད་གྲུབ་ཡོདཔ་དང་ གཞུང་ལུ་ཕུལ་དགོ་པའི་ཁྲལ་འབབ་ ཡང་ཅིན་ འབུལ་སྒོ་གཞན་གྱི་ ཆད་ལུས་ཡོད་མི་ གཞུང་དང་གཅིག་ཁར་ དངོས་ཡོད་ཁག་འབག་གི་ལཱ་ཅིག་ ཧྲིལ་བུར་མ་གྲུབ་པར་ཡོད་མི་ གཞུང་གཡོགཔ་ཅིག་སྦེ་ ལཱ་འབད་དེ་ཡོདཔ་ དེ་ལས་ ཁེ་འབབ་ཅན་གྱི་ གོ་གནས་འཆང་མི་ཨིན་པ་ ཡང་ཅིན་ བཙག་འཐུའི་བཅའ་ཁྲིམས་ཀྱི་མངའ་འོག་ དེ་བཞིན་གྱི་ ཁྱད་ཚད་ལས་འགལ་བ་ཅིན་ འདེམས་ངོ་དེ་ ཕྱིར་འབུད་གཏང་ནི་ཨིན་མས།
འདི་འབདཝ་ད་ སྤྱིར་བཏང་བཙག་འཐུའི་དོན་ལུ་ དོ་འགྲན་འབད་མི་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོའི་ཚོགས་པ་གཉིས་ཀྱི་ འདེམས་ངོ་གང་རུང་ཅིག་ གོང་གི་གནད་དོན་ཅིག་ལུ་བརྟེན་ ཆ་མེད་བཏང་པ་ཅིན་ སྤྱི་ཟླ་༥ པའི་ཚེས་༥ ལུ་ སྲིད་ཚོགས་ཀྱིཧ་ དོ་འགྲན་ཁས་ལེན་ཡི་གུ་བཙུགས་པའི་སྐབས་ ལྷན་ཐབས་འདེམས་ངོ་༢ པ་སྦེ་ ཐོ་བཀོད་གྲུབ་མི་དེ་ ཚབ་བཙུགས་དགོཔ་ད་ གལ་སྲིད་ ཚབ་བཙུགས་ནི་མེད་པ་ཅིན་ འབྲེལ་ཡོད་འདེམས་ཁོངས་ནང་ དགོ་མི་དགོ་གི་ ཚོགས་རྒྱན་བསྐྱུར་ནི་དང་ མི་དགོ་གི་ ཚོགས་རྒྱན་མངམ་འཐོན་སོ་པ་ཅིན་ ལོག་བཙག་འཐུ་འབད་དགོཔ་ འཐོན་ནི་ཨིན་མས།
དེ་ལས་ འགོ་ཐོག་བཙག་འཐུའི་ནང་ བཙག་འཐུ་གྲུབ་མ་ཚུགས་མི་ འབྲུག་མཉམ་རུབ་ཚོགས་པའི་ གཙོ་འཛིན་གོང་འོག་༢ རྩིས་ཏེ་ འདེམས་ངོ་༧ མི་སེར་དམངས་གཙོ་ཚོགས་པའི་ནང་ འཛུལ་ཞུགས་འབད་མི་ ཆ་མཉམ་ར་ བཙག་འཐུ་ལྷན་ཚོགས་ཀྱིས་ ངོས་ལེན་འབད་མི་འབད་ ནངས་པ་ཧ་གོ་ཚུགས་ནི་ཨིན་མས།
ཁྲིམས་དོན་མཁས་པ་དང་ སྐྱོན་བརྗོད་འབད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འདེམས་ངོ་ཚུ་ བཙག་འཐུའི་ནང་ དོ་འགྲན་འབད་ནི་གི་ ཁྱད་ཚད་ལྡན་མི་ལྡན་གྱི་ ཡིག་ཆའི་རིགས་ འགོ་ཐོག་བཙག་འཐུའི་དོན་ལུ་ སྲིད་ཚོགས་ཚུ་གིས་ དོ་འགྲན་ཁས་ལེན་ཡི་གུ་བཙུགས་པའི་སྐབས་ལས་ར་ ནན་ཞིབ་དང་ བརྟག་དཔྱད་འབད་ཡོད་པ་ཅིན་ སྲིད་དོན་ཚོགས་པ་ལ་ལུ་ཅིག་ལུ་ འདེམས་ངོ་མ་ཚང་པའི་ དཀའ་ངལ་དང་ ཞི་གཡོགཔ་ཚུ་ དགོངས་ཞུ་འབད་ཚར་བའི་ཤུལ་ལུ་ བཙག་འཐུ་ལྷན་ཚོགས་ནང་ ཐོ་བཀོད་མེད་པར་ འདེམས་ངོ་སྦེ་ ཐོན་མ་ཚུགས་པའི་ དཀའ་ངལ་ཚུ་ ཐོན་དགོཔ་མེད་ཟེར་ཨིན་མས།
འདི་འབདཝ་ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ འདི་བཟུམ་མའི་ མགུ་འཐོམ་དང་ དཀའ་ངལ་མི་འབྱུང་ནིའི་དོན་ལུ་ སྲིད་ཚོགས་ཚུ་གིས་ དོ་འགྲན་ཁས་ལེན་ཡི་གུ་བཙུགས་པའི་སྐབས་ལས་ར་ འདེམས་ངོ་ཚུ་གི་ ཡིག་ཆ་དང་ ཁྱད་ཚད་ཚུ་ ནན་ཞིབ་མཐིལ་ཕྱིན་འབད་དགོཔ་འདུག་ཟེར་ ཞུ་ནི་ཨིན།

No comments:

Post a Comment