གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་རྩེ་ལུ་ འབྱ་ཞིང་ཚུ་ འཕྲུལ་ཆས་ལག་ལེན་ཐོག་རྨོ་མི་ མངམ་ཐོན་དོ་ཡོདཔ།

༧/༦/༢༠༡༣   ༉ ཆརཔ་ཟམ་ཟིམ་བཏང་འབབ་པའི་སྐབས་ སོ་ནམ་པ་ཚུ་ ཆརཔ་གིས་སྦང་ནི་ལས་ འཛེམ་ཐབས་ལུ་ ཁྱིམ་ནང་འཛུལཝ་ཨིན་རུང་ སོ་ནམ་ཞིང་པ་ ཀུན་ལེགས་དང་ ཞིང་རྨོ་འཕྲུལ་ལག་ལེན་པ་གཉིས་ཀྱིས་ ཁོ་རའི་ འབྱ་ཞིང་འཕྲོ་མཐུད་དེ་ར་རྨོ་སར་ མཐོང་གསལ་བྱུངམ་ཨིན་པས།
ཞིང་རྨོ་འཕྲུལ་གླ་ཁར་ ལེན་ཐོག་ལས་ འབྱ་ཞིང་རྨོ་བའི་བསྒང་།


ཀུན་ལེགས་ཀྱིས་ སླབ་མིའི་་ནང་ ཆརཔ་རྐྱབ་རུང་ ལཱ་བཤོལ་བཞག་མ་འབད་བར་ འཕྲོ་མཐུད་དེ་ར་ འབད་དགོ་མི་དེ་ཡང་ ཞིང་རྨོ་འཕྲུལ་ པ་ཝར་ཊི་ལར་གཉིས་ གླ་ཁར་ལེན་ཡོདཔ་ལས་ ཁོ་གི་ ཆུ་ཞིང་ཨེ་ཀར་༡ འབད་མི་དེ་ ཉིནམ་གཉིས་ནང་ རྨོ་ཚར་དགོཔ་ཨིན་ཟེར་ཨིན་པས།
ཀུན་ལེགས་བཟུམ་སྦེ་ ད་རེས་ནངས་པ་ གྲོང་གསེབ་མི་སེར་ཚུ་ ལྕང་ལཱ་རྐྱབ་ནི་གི་ དུས་ཚོད་རན་མི་དང་བསྟུན་ བསམ་རྩེ་ལུ་ སོ་ནམ་འཕྲུལ་ཆས་ལྟེ་བའི་ནང་ ཞིང་རྨོ་འཕྲུལ་གླ་ཁར་ལེན་པར་ ག་ཐོབ་རྐྱབ་སྟེ་ འགྱོ་དོ་ཡོདཔ་ཨིན་པས།
གཞུང་གིས་ སོ་ནམ་ཞིང་པ་ཚུ་གི་ ཕན་ཐབས་ལུ་དམིགས་ཏེ་ ཞིང་རྨོ་འཕྲུལ་ཅིག་དང་ སྣུམ་འཁོར་ཊེག་ཊར་ཅིག་ དེད་གཡོགཔ་དང་བཅསཔ་སྦེ་ གླ་ཆ་མར་ཕབ་ཐོག་ གླ་ཁར་བྱིན་དོ་ཡོདཔ་ད་ སོ་ནམ་ཞིང་པ་ཚུ་གིས་འབད་བ་ཅིན་ དུས་ཅི་ གནམ་བྱར་གྱི་ དུས་ཚོད་ཧ་སུ་ འགོ་བཙུགས་མི་དང་བསྟུན་ ལྕང་ལཱ་ཚུ་ཡང་ ག་དེ་མགྱོགས་མགྱོགས་རྐྱབ་ནི་གི་ རེ་བ་བསྐྱེདཔ་བཞིན་དུ་ ལཱ་དེ་ཡང་ སྔར་སྲོལ་ཐོག་ གླང་གིས་རྨོ་ནི་བ་ འཕྲུལ་ཆས་ཐོག་ལས་ རྨོ་བ་ཅིན་ ཁེ་ཕན་ཆེ་བས་ཟེར་ཨིན་པས།
སོ་ནམ་པ་ ཀུན་ལེགས་ཀྱིས་ སླབ་མིའི་ནང་ གཡུས་ཁ་ལུ་ སྒེར་གྱི་ཞིང་རྨོ་འཕྲུལ་ཅིག་ གླ་ཁར་ལེན་པ་ཅིན་ ས་ཆ་ཨེ་ཀར་༡ རྨོ་ནིའི་དོན་ལུ་ གླ་འཐུས་དངུལ་ཀྲམ་༣,༢༠༠ རེ་ སྤྲོད་དགོ་ཟེར་ཨིནམ་ད་ གླང་གིས་ ཞིང་རྨོ་བ་ཅིན་ ཉིན་གྲངས་༥ དེ་ཅིག་ འགོར་དོ་ཡོདཔ་ཨིན་རུང་ པ་ཝར་ཊི་ལར་གྱིས་ ཆརཔ་མ་རྐྱབ་པ་ཅིན་ ཉིནམ་༡ ནང་ར་ རྨོ་ཚརཝ་མ་ཚད་ གླ་འཐུས་ཡང་ དུངལ་ཀྲམ་༡,༢༠༠ ལས་བརྒལ་ སྤྲོད་མི་དགོ་ཟེར་ སླབ་ཨིན་པས།
དེ་མ་ཚད་ མར་ཁུའི་རིན་དང་ འཕྲུལ་ཆས་ལག་ལེན་པ་ཚུ་ལུ་ གླ་འཐུས་སྤྲོད་མི་དགོ་ཟེར་ སོ་ནམ་ཞིང་པ་ཚུ་གིས་ བཤད་ཡོདཔ་ད་ སོ་ནམ་འཕྲུལ་ཆས་ལྟེ་བ་གིས་ འཕྲུལ་ཆས་ལག་ལེན་པ་ལུ་ ཉིནམ་རེ་ལུ་ གླ་འཐུས་དངུལ་ཀྲམ་༥༠༠ རེ་ སྤྲོདཔ་མ་ཚད་ ཡན་ལག་ཅ་ཆས་ཚུ་ཡང་ རིན་མེད་སྟོང་པར་ མཁོ་སྤྲོད་འབད་དོ་ཡོདཔ་ཨིན་པས།
སོ་ནམ་ཞིང་པ་གཞན་ ཌི་ཀེ་ ཤར་མ་གིས་འབད་བ་ཅིན་ འདི་བཟུམ་མའི་ མཐུན་རྐྱེན་མཁོ་སྤྲོད་འབད་མི་ལུ་བརྟེན་ ལྕང་ལཱ་རྐྱབ་ནི་མེད་མི་ སོ་ནམ་པ་གཞན་ཚུ་གིས་ཡང་ འབྱ་ལཱ་འབད་ནི་ལུ་ སྤྲོ་བ་བསྐྱེད་དེ་ འཕྲུལ་ཆས་ལྟེ་བ་ལས་ ཞིང་རྨོ་འཕྲུལ་གླ་ཁར་ལེན་པར་ འགྱོཝ་མས་ཟེར་ཨིན་པས།
བསམ་རྩེ་སོ་ནམ་འཕྲུལ་ཆས་འཕྲུལ་རིག་ལས་རོགས་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ སོ་ནམ་འཕྲུལ་ཆས་ཚུ་ གླ་ཁར་སྤྲོད་ནི་ འགོ་བཙུགས་ཏེ་ ལོ་༢ འགྱོཝ་ཨིན་རུང་ ན་ཧིང་ འོད་གསལ་རྩེ་རྒེད་འོག་ནང་རྐྱངམ་གཅིག་ ལག་ལེན་འཐབ་ཅི་ཟེར་ཨིནམ་ད་ དེ་ཡང་ མི་སེར་ཚུ་ལུ་ འཕྲུལ་ཆས་ཀྱི་ ཁེ་ཕན་སྐོར་ལས་ ཧ་མ་གོ་ནི་དེ་གིས་ཨིན་པས།
ཨིན་རུང་ དུས་ཅི་ འོད་གསལ་རྩེ་ལས་སོ་ནམ་འཕྲུལ་ཆས་གླ་ཁར་ལེན་ནིའི་དོན་ལུ་ སོ་ནམ་ཞིང་པ་༥ ལྷགཔ་ཅིག་གིས་ ཞུ་ཡིག་བཙུགས་ཏེ་ཡོད་ཟེར་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་ཨིན་པས།
ན་ཧིང་ ལྟེ་བ་གིས་ འོད་གསལ་རྩེ་རྒེད་འོག་ནང་ སོ་ནམ་པ་༥༠ དེ་ཅིག་གི་ ཆུ་ཞིང་ཨེ་ཀར་༡༢༠ རྨོ་ནི་ལུ་ ཆ་རོགས་འབད་ཡོདཔ་ད་ དུས་ཅི་ འབྱ་ཞིང་ཨེ་ཀར་༤༠༠ དེ་ཅིག་ རྨོ་ནི་གི་ དམིགས་གཏད་བསྐྱེད་དོ་ཟེར་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་རུང་ ཆརཔ་རྐྱབ་མི་དང་ འཕྲུལ་ཆས་མེདཔ་ཐལ་མི་ལུ་བརྟེན་ རེ་ཚེ་སྐབས་ ལཱ་ཕྱིར་འགྱངས་ལུསཔ་མས་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་སེར་ཚུ་གིས་ ཊེག་ཊར་དེ་ ས་ཆ་ཨེ་ཀར་༡ གི་དོན་ལུ་ གླ་འཐུས་དངུལ་ཀྲམ་༡,༨༠༠ རེ་སྦེ་ གླ་ཁར་ལེན་དོ་ཡོདཔ་ལས་ གླ་ཆའི་ཐད་ལུ་ ཉོགས་བཤད་བཀོད་ནི་མེད་ཟེར་ཨིནམ་ད་ གླ་ཁར་ལེན་པར་འོངམ་ད་ ལག་ཁྲམ་གསལ་སྟོན་འབད་དགོཔ་ཨིན་ཟེར་ ཁོ་གིས་ སླབ་ཨིན་པས།
ད་རེས་ནངས་པ་ བསམ་རྩེ་འཕྲུལ་ཆས་ལྟེ་བའི་ནང་ ཞིང་རྨོ་འཕྲུལ་༦ དང་ ཊེག་ཊཱར་༤ ཡོདཔ་ཨིན་པས།
དུས་ཅི་ ལྟེ་བ་གིས་ སིབ་སུ་རྒེད་འོག་ལས་ འཕྲུལ་ཆས་གླ་ཁར་ལེན་ནིའི་དོན་ལུ་ སོ་ནམ་ཞིང་པ་༡༠ ལས་ ཞུ་ཡིག་ཐོབ་ཡོདཔ་མ་ཚད་ བསམ་རྩེ་རྒེད་འོག་ནང་ སོ་ནམ་ཞིང་པ་༤༠ གི་ ཆུ་ཞིང་ཨེ་ཀར་༥༠ དེ་ཅིག་ རྨོ་ཡོདཔ་ཨིན་པས།
ད་རུང་ ལྟེ་བ་གིས་ དུས་ཅི་ ལྕངམ་བཙུགས་འཕྲུལ་ཡང་ རིན་མེད་སྟོང་པ་སྦེ་ ལག་ལེན་འཐབ་བཅུག་ནི་གི་ འཆར་གཞི་ཡོདཔ་ད་ འཕྲུལ་ཆས་དེ་གི་ཐོག་ལས་ འབྱ་ཞིང་ཨེ་ཀར་༡༠ དེ་ཅིག་ནང་ ལྕང་ལཱ་རྐྱབ་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment