གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་པ་ནང་ འདེམས་ངོ་ལྷན་སྡེབ་འབད་ནི་ལུ་ དོ་འགྲན་བྱུང་དོ་ཡོདཔ།

༧/༦/༢༠༡༣   ༉ འདས་པའི་བདུན་ཕྲག་ནང་ སྤྱི་ཚོགས་ཀྱི་ འགོ་ཐོག་བཙག་འཐུ་ མཇུག་བསྡུ་བའི་ཤུལ་ལུ་ རྒྱལ་ཁབ་ནང་གི་ སྲིད་དོན་ཚོགས་པ་༤ ཡོད་ས་ལས་༣ ནུབ་ཕྱེད་ཚུན་ ཞལ་འཛོམས་འགོ་འདྲེན་འཐབ་དོ་ཡོདཔ་ལས་ དལ་ཁོམས་ར་མེདཔ་ཨིན་པས།


ཞལ་འཛོམས་ནང་ལུ་ སྤྱིར་བཏང་བཙག་འཐུའི་དོན་ལུ་ འདེམས་ཁོངས་ལ་ལུ་ཅིག་ནང་ འདེམས་ངོ་སོར་ནི་གི་ གྲོས་བསྟུན་འབད་དོ་ ཡོདཔ་ཨིན་རུང་ སྲིད་དོན་ཚོགས་པ་ཚུ་གིས་ དྭངས་གསལ་སྦེ་ སླབ་མི་བཏུབ་དོ་ཡོདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟབས་རྒྱས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྲིམས་ལུགས་དང་འཁྲིལཝ་ད་ སྤྱིར་བཏང་བཙག་འཐུའི་དོན་ལུ་ ཚོགས་པ་ནང་ འདེམས་ངོ་སོར་ནི་དེ་ ཆོགཔ་སྦེ་ འཁོད་དེ་ཡོདཔ་ལས་ ཚོགས་པ་སྒྲིང་སྒྲིང་ བཟོ་ནི་གི་དོན་ལུ་ ག་ཅི་ཡང་ འབད་སྲིད་ཟེར་ཨིན་པས།
དེ་མ་ཚད་ ཚོགས་པ་གིས་ ཉིན་གྲངས་༢ དེ་ཅིག་གི་ཤུལ་ལས་ གནས་ཚུལ་གསར་བཏོན་འབད་འོང་ཟེར་ ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ བརྡ་བརྒྱུད་ངོ་ཚབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གིས་ ཞལ་འཛོམས་འགོ་འདྲེན་འཐབ་དགོ་མི་དེ་ སྤྱིར་བཏང་བཙག་འཐུའི་དོན་ལུ་ ལྟ་བ་དང་ གཞི་རྩ་ དེ་ལས་ བསྐུལ་བསྒྲགས་ཚུ་གི་ཐད་ཁར་ གྲོས་བསྟུན་འབདཝ་ ཨིན་ཟེར་ཨིན་པས།
འགོ་ཐོག་བཙག་འཐུའི་ནང་ལས་ མཐར་འཁྱོལ་བྱུང་མི་དེ་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་ ཨིནམ་བཞིན་དུ་ ཚོགས་པ་༢ ཀྱིས་ འགོ་ཐོག་བཙག་འཐུ་ནང་ལས་ཕམ་མི་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་ལུ་ ཚོགས་པ་༢ ནང་ འཛུལ་ནིའི་དང་འདོད་ཡོད་པ་ཅིན་ འཛུལ་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
ཁ་ཙ་ ཕྱི་རུ་ཁམས་ཚུན་ རྡོ་རྗེ་ཆོས་སྒྲོན་གྱིས་ འཛུལ་ནི་ཨིན་ན་མེན་གྱི་ བློ་ཐག་མ་བཅད་ཟེར་ཨིན་པས།
མོ་གིས་སླབ་དོ་བཟུམ་འབད་བ་ཅིན་ གཡུས་ཁའི་མི་སེར་ མོ་ལུ་ཚོགས་རྒྱན་བཙུགས་མི་ཚུ་གིས་ འབད་བ་ཅིན་ སྲིད་ཚོགས་ནང་ བཅའ་མར་ བཏོགས་དགོཔ་སྦེ་ སླབ་དེས་ཟེར་ཨིན་པས།
མ་གཞི་ བློ་ཐག་བཅད་ནི་དེ་ ལཱ་འཇམ་ཏོག་ཏོ་ཅིག་ མིན་འདུག་ཟེར་ རྡོ་རྗེ་ཆོས་སྒྲོན་གྱིས་བཤད་པའི་ཁར་ དེ་མ་ཚད་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ལ་ལུ་ཅིག་ ཚོགས་པ་གཞན་མི་ནང་ འཛུལ་དགོཔ་སྦེ་ སླབ་ཡོད་མི་ཚུ་ཡང་ བློ་ཐག་བཅད་མ་ཚུགས་པ་ སྡོད་ནུག་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ འགོ་ཐོག་བཙག་འཐུ་ནང་ལས་ རྒྱལ་ཁ་མ་ཐོབ་སྟེ་འབད་རུང་ མོ་རའི་འདེམས་ཁོངས་ བཀྲིས་སྒང་རྐང་པར་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཅིག་གིས་ སླབ་མིའི་ནང་ རྡོ་རྗེ་ཆོས་སྒྲོན་དེ་ གཞན་མིའི་ཚོགས་པ་ནང་ འཛུལ་དགོཔ་སྦེ་ འགོ་ཐོག་བཙག་འཐུ་ འགོ་འདྲེན་མ་འཐབ་པའི་སྐབས་ལས་ར་ སླབ་ནུག་ཟེར་ཨིན་པས།
དེ་འབདཝ་ད་ མོ་ར་ འབྲུག་མཉམ་རུབ་ཚོགས་པའི་ གཙོ་འཛིན་འབད་ནི་དེ་གིས་ མོ་ཚོགས་པ་གཞན་མིའི་ནང་ འཛུལ་བ་ཅིན་ འབྲུག་མཉམ་རུབ་ཚོགས་པ་དེ་ དེམ་ཅིག་སྦེ་ མཇུག་བསྡུཝ་ཨིན་ན་ཟེར་བའི་ དོགས་པ་ཟ་མི་ཡང་ འོང་སྲིད་ནི་མས་ཟེར་ཨིན་པས།
བཀྲིས་སྒང་ལས་ ཚོགས་རྒྱན་སྐྱུར་མི་ཅིག་གིས་ འབད་བ་ཅིན་ སྤྱི་ཚོགས་ནང་ མི་སྒྲིང་སྒྲིང་ཅིག་ དགོཔ་ཁག་ཆེཝ་ཡོད་པའི་ཁར་  མོ་གིས་འབད་བ་ཅིན་ ཨམ་རྡོ་རྗེ་ཆོས་སྒྲོན་ལུ་ ལྕོགས་གྲུབ་ཡོདཔ་ལས་ ཚོགས་པ་གཞན་མི་ནང་འཛུལ་ཏེ་ མི་སེར་གྱི་ ངོ་ཚབ་འབད་ནི་དེ་ མི་འཛོལ་ནི་མས་ཟེར་ཨིན་པས།
ལ་ལུ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱིར་བཏང་བཙག་འཐུ་ནང་ བཅའ་མར་གཏོགས་ནི་ཨིན་མི་ ཚོགས་པ་ནང་ལས་ འདེམས་ངོ་ཐོན་འགྱོ་ནི་གི་ ཁ་བཟེད་མ་བཏུབ་མི་ཡང་ འདུག་ཟེར་ཨིནམ་ད་ དེ་ཡང་ འགོ་ཐོག་བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ ཁོང་ར་གིས་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ རྒྱལ་ཁ་ཐོ་པའི་ཤུལ་ལུ་ ད་ལྟོ་ ཚབ་བཙུགས་ནི་ཟེར་མི་དེ་ དྲང་བདེན་མི་འགྱོ་བས་ཟེར་སླབ་སྟེ་ ཉན་མ་བཏུབ་མི་ཡང་འདུག་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment