གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདས་པའི་ལཱ་ཤུལ་ལུ་བརྟེན་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཡོདཔ།

༤/༦/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༣༡ ལུ་ སྤུ་ན་ཁ་ལུ་ བཙག་འཐུའི་ གྲུབ་འབྲས་གསལ་བསྒྲགས་འབད་བའི་བསྒང་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་༤༡༠༡ དང་ འགྲེམ་ཐོག་ཚོགས་རྒྱན་༦༩༠ ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
སྤུ་ནཔ་ཚུ་ ཚོགས་རྒྱན་བཙུགས་པའི་བསྒང་།


འབྲུག་ཕུན་སུམ་ཚོགས་པ་གིས་ འཕྲུལ་ཆས་ཐོག་ལས་ཚོགས་རྒྱན་༣༠༣༧ དང་ འགྲེམ་ཐོག་ཚོགས་རྒྱན་༣༩༡ ཐོབ་ཡོདཔ་ཨིན་པས། དེ་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ འཕྲུལ་ཆས་ཐོག་ལས་ཚོགས་རྒྱན་༡༤༣༣ དང་ འགྲེམ་ཐོག་ཚོགས་རྒྱན་༡༩༤ ཐོབ་ཡོདཔ་བཞིན་དུ་ འབྲུག་སྤྱིར་དབང་ཚོགས་པ་གིས་ འཕྲུལ་ཆས་ཚོགས་རྒྱན་༣༠༦ དང་ འགྲེམ་ཐོག་ཚོགས་རྒྱན་༡༨ ཐོབ་ཡོདཔ་ཨིན་པས།
སྤུ་ན་ཁ་ལུ་ ཚོགས་རྒྱན་བཙུགས་སའི་ས་ཁོངས་༣༠ ཡོད་ས་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་གྱི་ས་ཁོངས་༢༢ དེ་ཅིག་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༨ ནང་ འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་གིས་ སྤུ་ན་ཁའི་འདེམས་ཁོངས་ གཉིས་ཆ་ར་ནང་ལས་ ཕམ་སོཔ་ཨིན་པས།
ཀུན་གསལ་གྱིས་དྲིས་བཀོད་འབད་མི་ལུ་ ཚོགས་རྒྱན་བཙུགས་མི་ ལ་ལུ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་ ཚོགས་རྒྱན་དེ་ མི་སེར་དམངས་གཙོ་ཚོགས་པའི་ནང་ བཙུགས་དགོ་མི་དེ་ སྤྱི་ལོ་༢༠༠༨ ནང་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ཚུ་གིས་ ཁས་བླངས་གསལ་བསྒྲགས་འབད་མི་ཚུ་ གྲུབ་མ་ཚུགས་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
མི་སེར་ལ་ལུ་ཅིག་གིས་ རྒྱབ་འགལ་སྦེ་ སླབ་མིའི་ནང་ གཞུང་སྐྱོང་གཅིག་གིས་ར་སྐྱོང་སྡོད་ནི་མེན་པར་ རྒེད་འོག་ནང་ འགྱུར་བ་དགོ་མི་ལུ་བརྟེན་ ཚོགས་པ་སོར་དགོཔ་ཨིན་ཟེར་ཨིན་པས།
སྤུ་ན་ཁའི་གཡུས་ཚན་ལ་ལུ་ཅིག་ནང་ འཐུང་ཆུ་མ་ལང་པའི་དཀའ་ངལ་ཡོདཔ་ད་ མི་སེར་ཚུ་གིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པའི་ ཧེ་མ་གི་འཐུས་མི་ཚུ་གིས་ ཁས་བླངས་འབད་མི་དེ་ འགྲུབ་སོཔ་འདྲཝ་ཅིག་འབད་བ་ཅིན་ ད་ལྟོ་ གཡུས་སྒོའི་ནང་ འཐུང་ཆུ་གི་དཀའ་ངལ་དེ་ སེལ་ཡོདཔ་འོང་ཟེར་ཨིན་པས།
མགུ་མང་རྒེད་འོག་ལས་ སྐྱེས་ལོ་༣༦ ལང་མི་ རྣམ་རྒྱལ་ལྷ་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་ སྤུ་ན་ཁའི་ སྤྱི་ཚོགས་ཀྱི་ འཐུས་མི་བགྲེསཔ་ཚུ་གིས་ རྒེད་འོག་ནང་ མི་སྡེ་སློབ་གྲྭ་དང་ འཐུང་ཆུ་གི་ དཀའ་ངལ་བསལ་ནི་ཟེར་ སླབ་ཡོདཔ་ཨིན་རུང་ ད་ལྟོ་ཡང་ འཐུང་ཆུ་མ་ལང་པའི་དཀའ་ངལ་དེ་ མ་སེལ་བར་ཡོད་ཟེར་ཨིན་པས།
སྐྱེས་ལོ་༣༤ ལང་མི་ སངས་རྒྱས་ཀྱིས་འབད་བ་ཅིན་ སྤུ་ན་ཁ་གི་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་ ཁས་བླངས་གསལ་བསྒྲགས་དང་ འཁྲིལ་ཏེ་འབད་མ་ཚུགས་མི་ལུ་བརྟེན་ མོ་རའི་རྨགཔ་གི་ ཨ་པ་གིས་ ཚོགས་རྒྱན་དེ་ མི་སེར་དམངས་གཙོ་ཚོགས་པ་ལུ་ བྱིན་དགོཔ་ཁག་ཆེ་ཟེར་ སླབ་མི་ལུ་བརྟེན་ མོ་གིས་ཡང་དེ་ནང་ བཙུགས་ཅི་ཟེར་ཨིན་པས།
སྤུ་ན་ཁ་གི་ མི་སེར་མང་ཤོས་ཅིག་གིས་ སྲིད་དོན་ཚོགས་པ་རྙིངམ་གཉིསཔོ་དེ་ར་ གདམ་འཐུ་འབད་ཡོདཔ་ད་ ལ་ལུ་ཅིག་གིས་ སྲིད་དོན་ཚོགས་པ་གསརཔ་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་སྤྱིར་དབང་ཚོགས་པའི་ མིང་ར་ལེགས་ཤོམ་སྦེ་ མ་ཤེས་མི་ཡང་ ཡོདཔ་ཨིན་པས།
སྐྱེས་ལོ་༣༠ ལང་མི་ རིན་ཆེན་གྱིས་ འབད་བ་ཅིན་ ད་ལྟོ་ རྒྱལ་ཁབ་ནང་ དམངས་གཙོའི་གཞུང་ འགོ་བཙུགས་ཏེ་ གངམ་ར་མ་འགྱོཝ་ལས་ ཁོང་གིས་ འདེམས་ངོ་ གཞོནམ་ཚུ་ལུ་ བློ་གཏད་མི་ཚུགས་པས་ཟེར་ཨིན་པས།
སྤྱིར་བཏང་བཙག་འཐུ་གི་དོན་ལུ་ དཀར་སྦྱིས་- རྟ་ལོག་ འདེམས་ཁོངས་ལས་ མི་སེར་དམངས་གཙོ་ཚོགས་པ་ནང་ལས་ རྡོ་ཕུག་འབྲུག་པ་དང་ འབྲུག་ཕུན་སུམ་ཚོགས་པའི་ རྣམ་རྒྱལ་དཔལ་འབྱོར་ དེ་ལས་ གླིང་མུ་ཁ་- སྟོད་ཝང་ལས་ མི་སེར་དམངས་གཙོ་ཚོགས་པའི་ འཆི་མེད་རྡོ་རྗེ་དང་  འབྲུག་ཕུན་སུམ་ཚོགས་པའི་ ཌོག་ཊར་བསོད་ནམས་དབང་རྒྱལ་ཝང་ ཚུ་གིས་ བཅའ་མར་གཏོགས་ནི་ཨིན་པས།
སྤུ་ན་ཁ་ལུ་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ཡོངས་བསྡོམས་༡༤༧༡༦ ཡོད་ས་ལས་ གླིང་མུ་ཁ་ སྟོད་ཝང་འདེམས་ཁོངས་ནང་ ཚོགས་རྒྱན་བཙུགས་མི་༣༧༡༢ དང་ དཀར་སྦྱི་རྟ་ལོག་ འདེམས་ཁོངས་ནང་ ཚོགས་རྒྱན་བཙུགས་མི་༥༡༦༤ འོང་སྟེ་ ཚོགས་རྒྱན་གྱི་ བརྒྱ་ཆ་༦༠.༣༢ འོང་ཡོདཔ་ཨིན་པས།
ཁུ་རུ་ལས་ ཚོང་པ་གཅིག་གིས་ སླབ་མིའི་ནང་ སྤུ་ན་ཁ་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱལ་ཕམ་ག་དེ་སྦེ་ར་བྱུང་རུང་ དེ་ཚུ་ག་ར་  འདས་པའི་སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གི་ལཱ་ཤུལ་ལུ་ རག་ལསཔ་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment