གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་འབྲེལ་ཐོག་ལས་ འདེམས་ངོ་ཚུ་ གསལ་སྟོན་འབད་དགོ་པའི་མགྲོན་བརྡ།

༣/༦/༢༠༡༣   ༉ སྲིད་དོན་ཚོགས་པ་༤ གི་ འགོ་ཐོག་བཙག་འཐུའི་ གྲུབ་འབྲས་གསལ་སྟོན་འབད་ཡོདཔ་ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ ཚོགས་རྒྱན་མཐོ་ཤོས་ཐོབ་མི་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་༢ ལུ་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནི་གི་དོན་ལུ་ འདེམས་ཁོངས་༤༧ གྱི་འདེམས་ངོ་ཚུ་ གཞུང་འབྲེལ་ཐོག་ལས་ གསལ་སྟོན་འབད་དགོ་པའི་ མགྲོན་བརྡ་འབད་ཡོདཔ་ཨིན་པས།


དེ་ཡང་ དོ་འགྲན་ནང་ གདམ་ངོ་གྲུབ་པའི་ འདེམས་ངོ་དེ་གིས་ འགོ་ཐོག་བཙག་འཐུའི་ གྲུབ་འབྲས་གསལ་སྟོན་འབད་བའི་ཉིནམ་ལས་ འགོ་བཟུང་སྟེ་ སྤྱི་ཟླ་༦ པའི་ཚེས་༡༡ ཚུན་ཡོདཔ་ད་ འབྲེལ་བ་ཡོད་པའི་ངོས་ལེན་འགོ་དཔོན་ཚུ་ལུ་ བཙུགས་དགོ་ནི་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་དོན་ཚོགས་པ་༤ གི་ མཐའ་བཅད་ཚོགས་རྒྱན་གྲུབ་འབྲས་ གསལ་སྟོན་འབད་མི་དང་འཁྲིལཝ་ད་ འབྲུག་སྤྱིར་དབང་ཚོགས་པ་གིས་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་༡༡༥༧༦ དང་ འགྲེམ་ཐོག་ཚོགས་རྒྱན་༨༨༡ རྩིསཝ་ད་ ཚོགས་རྒྱན་བསྡོམས་༡༢༤༥༧ ཐོབ་ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ འཕྲུལ་ཆས་ཚོགས་རྒྱན་༢༨༧༩༩ དང་ འགྲེམ་ཐོག་ཚོགས་རྒྱན་༧༡༦༣ རྩིསཝ་ད་ ཚོགས་རྒྱན་བསྡོམས་༣༥༩༦༢ ཐོབ་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ འཕྲུལ་ཆས་ཚོགས་རྒྱན་༧༧༦༧༩ དང་ འགྲེམ་ཐོག་ཚོགས་རྒྱན་༡༦༢༧༠ ཐོབ་ཡོདཔ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་ འཕྲུལ་ཆས་ཚོགས་རྒྱན་༥༥༠༢༡ དང་ འགྲེམ་ཐོག་ཚོགས་རྒྱན་༡༣༦༢༩ ཐོབ་ཡོདཔ་ལས་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནི་གི་ གོ་སྐབས་ཐོབ་ཡོདཔ་ཨིན་པས།
འགོ་ཐོག་བཙག་འཐུའི་དོན་ལུ་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་བསྡོམས་༢༡༡༠༡༨ ཀྱིས་ ཚོགས་རྒྱན་གྱི་ཉིན་མར་ རང་སོའི་ཚོགས་པ་ཚུ་ལུ་ རྒྱབ་སྐྱོར་འབད་བར་འོང་ཡོད་མི་དེ་ བརྒྱ་ཆ་ལས་བཅད་པ་ཅིན་༥༥.༢༧ ཨིན་པས།
འགོ་ཐོག་བཙག་འཐུའི་སྐབས་ལུ་ སྲིད་དོན་ཚོགས་པ་ རེ་རེ་བཞིན་དུ་གིས་ འཛོམས་འདུ་ཚུ་ འགོ་འདྲེན་འཐབ་མ་དགོཔ་ད་ ཚོགས་པའི་ངོ་ཚབ་དང་ གཙོ་འཛིན་ཚུ་གིས་ མི་མང་རྩོད་འགྲན་རིམ་ཐེངས་༢ ཀྱིས་མ་དོ་བར་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ཡང་ འདེམས་ཁོངས་༤༧ ག་ར་ནང་ ཚོགས་པ་ག་རའི་དོན་ལུ་ སྤྱིར་སྙོམས་འཛོམས་འདུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཚོགས་རྒྱན་བཙུགས་པར་འོང་མི་ལས་ བརྒྱ་ཆ་༨༢ ཀྱིས་ འཕྲུལ་ཆས་ཐོག་ལས་ ངོ་རྐྱང་སྦེ་ ཚོགས་རྒྱན་བཙུགས་ཡོདཔ་ད་ བརྒྱ་ཆ་༡༨ འགྲེམ་ཐོག་ལས་ བཙུགས་ཡོདཔ་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་ ཚོགས་རྒྱན་དེ་ རང་མོས་དང་རྣམ་དག་གི་ཐོག་ལས་ འགྱོ་ནི་གི་དོན་ལུ་ བཙག་འཐུ་དང་འབྲེལ་བའི་ ཉོགས་བཤད་ཡོད་མི་ཚུ་ཡང་ ལྷན་ཚོགས་ལུ་ལྷོད་ཡོད་པའི་ རྩོད་རྙོགས་ཁག་༡༤ ཆ་མཉམ་ར་ འགོ་ཐོག་བཙག་འཐུ་མ་རན་པའི་ སྔ་གོང་ལས་ བསལ་ཚུགས་ཡོདཔ་ད་ དེ་དང་བསྟུན་པའི་ གསལ་བསྒྲགས་ཚུ་ཡང་ མི་མང་ལུ་འབད་ཡོདཔ་ཨིན་པས།
ཚོགས་རྒྱན་གྱི་ཉིན་མར་ མི་ལ་ལུ་གིས་ ཚོགས་རྒྱན་གྱི་ ངོས་འཛིན་འདྲ་པར་འབག་མ་འོང་མི་ རེ་གཉིས་ཐོན་ཡོད་མི་ཚུ་ལུ་ཡང་ བཙག་འཐུ་འགོ་དཔོན་ཚུ་གིས་ དེ་འཕྲོ་ལས་ ངོས་འཛིན་འདྲ་པར་ཚུ་ པར་སྐྲུན་འབད་དེ་ བྱིན་དགོཔ་བྱུངམ་མ་གཏོགས་ དཀའ་ངལ་སྦོམ་ག་ནི་ཡང་ མ་ཐོནམ་ཨིན་པས།
དེ་བཟུམ་སྦེ་ ཆོས་སྒོར་བཞུགས་མི་ མི་ངོམ་༣ གྱིས་ཡང་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ད་༨ ཀྱིས་ ཚོགས་རྒྱན་བཙུགས་ཡོདཔ་ལས་ གནད་དོན་དེ་གི་སྐོར་ལས་ ལྷན་ཚོགས་ཀྱིས་ ཆོས་སྡེ་ལྷན་ཚོགས་རྩིས་ཏེ་ གཞན་འབྲེལ་བ་ཡོད་པའི་དབང་འཛིན་ཚུ་ལུ་ དང་ལེན་འབད་དགོཔ་ཡོདཔ་ཨིན་པས།
ཉིནམ་དེ་ཁར་ ཆརཔ་ཤུགས་སྦེ་ རྐྱབ་པའི་དཀའ་ངལ་གྱིས་ ཧཱ་ལུ་ ཚོགས་རྒྱན་བཙུགས་པར་འོང་མི་༨ དང་ ལྷུན་རྩེ་ལུ་ མི་༥ གིས་ རང་སོའི་ཚོགས་རྒྱན་ས་ཁོངས་ནང་ ལྷོད་མ་ཚུགས་པར་ ལུས་ཡོད་མི་ཚུ་ལུ་ ཚོགས་རྒྱན་ས་ཁོངས་གཞན་ཁར་ བཙུགས་བཅུག་ཡོདཔ་ད་ གཞན་མི་༦ བཙག་འཐུའི་ཐོ་ནང་ འཛོལ་ཏེ་ཚེ་འདས་སྦེ་ བཀོད་དེ་ཡོདཔ་ལས་ དེ་ཚུ་ལུ་ཡང་ ཚོགས་རྒྱན་བཙུགས་ནི་གི་ གོ་སྐབས་བྱིན་ཡོདཔ་བཞིན་དུ་ རྩི་རང་ལུ་ མི་རྩིས་སྤོ་སོར་གྱི་ གནད་དོན་༢ ཐོན་མི་ལུ་ཡང་ ཚོགས་རྒྱན་གྱི་ གོ་སྐབས་བྱིན་ཡོདཔ་ཨིན་པས།
སྲིད་དོན་ཚོགས་པ་ཚུ་གིས་ འགོ་ཐོག་བཙག་འཐུའི་སྐབས་ ཟད་འགྲོ་བཏང་ཡོད་པའི་ མ་དངུལ་ཀྱི་སྙན་ཞུ་ཚུ་ཡང་ མི་མང་གིས་བརྟག་ཞིབ་འབད་ཐབས་ལུ་ ཟླ་ངོ་༣ གྱི་ནང་འཁོད་ལུ་ སྙན་ཞུ་འབད་དགོཔ་ཨིན་པས།
ཚོགས་རྒྱན་མཐོ་ཤོས་གྲུབ་ཡོད་མི་ ཚོགས་པ་༢ ཀྱིས་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ སྤྱིར་བཏང་བཙག་འཐུའི་དོན་ལུ་ གྲ་སྒྲིག་འབད་དགོ་པའི་ཁར་ མཐར་འཁྱོལ་མ་འབྱུང་མི་ ཚོགས་པ་ཚུ་གི་ འདེམས་ངོ་ཚུ་ཡང་ ཚོགས་པ་ཚུ་ནང་དགོཔ་ཡོད་མི་ཚུ་ བཙུགས་ཆོག་ནི་ཨིན་པས།
རྒྱལ་ཁ་ཐོབ་མི་ ཚོགས་པ་གཉིས་ཀྱི་ འདེམས་ངོ་གསརཔ་ཚུ་ འགོ་ཐོག་བཙག་འཐུའི་སྐབས་ལུ་ རྒྱབ་སྐྱོར་སྦོམ་ཐོབ་མི་དེ་ མི་སེར་ཚུ་གིས་ ཚོགས་པ་ལུ་ལྟ་སྟེ་ རྒྱབ་སྐྱོར་འབད་ནི་དེ་གིས་ཨིནམ་ད་ ཨིན་རུང་ སྤྱིར་བཏང་བཙག་འཐུ་ནང་ ག་དེ་སྦེ་ འབད་འོང་ག་ སླབ་མི་ཤེས་ནི་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment