གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷུན་རྩེ་སྐམ་དར་གཡུས་ཚན་ནང་ ལྕང་ལཱ་འགོ་བཙུགས་ཡོདཔ།

༣/༦/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༢༩ ལུ་ གཟའ་སྐར་འཕྲོད་སྦྱོར་ལེགས་ཤོམ་ཡོད་མི་དང་བསྟུན་ ལྷ་བསངས་ཁྲུས་གསོལ་འབད་དེ་ ལྷུན་རྩེ་རྫོང་ཁག་ སྐམ་དར་གཡུས་ཚན་ནང་ ཨང་རྒས་པདྨ་འཆི་མེད་ཀྱི་ཆུ་ཞིང་ གླང་དོར་ཕྱེད་དང་༣ ལྷགཔ་ཅིག་ཡོད་མིའི་ནང་ལས་སྦེ་ འགོ་དང་པ་ ལྕང་ལཱ་རྐྱབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།

སྐམ་དར་གཡུས་ཚན་གྱི་ སོ་ནམ་པ་ཚུ་ ལྕང་ལཱ་རྐྱབ་པའི་བསྒང་།

གཡུས་སྒོའི་ལམ་སྲོལ་དང་འཁྲིལཝ་ད་ དུས་ཅི་ ལོ་ཁམས་ལེགས་ཤོམ་ཡོད་པའི་ གཡུས་མི་ཅིག་གི་ ཆུ་ཞིང་ནང་ལས་སྦེ་ ལྕང་ལཱ་འགོ་བཙུགས་དགོཔ་ཨིན་པས།
དེ་བཟུམ་མའི་ ལམ་སྲོལ་དེ་ ད་རེས་ནངས་པ་ཡང་ མ་ཉམས་པར་ཡོདཔ་ད་ གལ་སྲིད་ ལམ་སྲོལ་དང་འཁྲིལ་ཏེ་ མ་འབད་བ་ཅིན་ ལོ་དེ་ནང་ ནད་ཡམས་མུ་གེ་ཚུ་འཐོན་ནི་དང་ ཆར་ཆུ་དུས་སུ་མི་འབབ་ནི་ དེ་ལས་ ལོ་ཐོག་མི་ལེགས་ཟེར་ཨིན་པས།
སྐྱེས་ལོ་༥༥ ལང་མི་ གནག་མདོག་གིས་ སླབ་མི་དང་འཁྲིལཝ་ད་ སྐམ་དར་གཡུས་ཚན་ནང་ ཁྱིམ་གུང་༢༠ ལྷགཔ་ཅིག་ཡོད་མིའི་དོན་ལུ་ འགོ་དང་པ་ ལྕང་ལཱ་རྐྱབ་ནི་དེ་ ཨང་རྒས་པདྨ་འཆི་མེད་ཀྱི་ ཆུ་ཞིང་ནང་ལས་སྦེ་ འགོ་བཙུགས་པའི་ཤུལ་ལས་ ཆ་མཉམ་ར་ གོ་རིམ་བཞིན་དུ་སྦེ་ ལྕང་ལཱ་རྐྱབ་དགོ་ཟེར་ཨིནམ་ད་ ཉིནམ་དེ་ལུ་ ཨམ་སྲུ་༡༩ དང་ ཕོ་སྐྱེས་༥ གིས་ ལྕང་ལཱ་རྐྱབ་ནི་ འགོ་བཙུགས་ཅི་ཟེར་ ཨིན་པས།
ལྕང་ལཱ་རྐྱབ་པར་འོང་མི་ ཨམ་སྲུ་ཅིག་གིས་ སླབ་མིའི་ནང་ ལྕང་ལཱ་འགོ་བཙུགས་པའི་ཉིནམ་ལུ་ར་ ཆརཔ་རྐྱབ་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིནམ་ད་ དེ་ཡང་ ཆུམ་དམརཔོ་ལེགས་ཤོམ་སྦེ་ བསྡུ་ཚུགས་པའི་ རྟགས་མཚན་བཟང་པོ་ཅིག་ ཨིན་མས་ཟེར་ཨིན་པས།
ཨ་རྟག་འབད་བ་ཅིན་ ཟླཝ་༢ ཀྱི་ཧེ་མར་ གེ་ཟ་བཙུགས་མི་ཚུ་ དུས་ཚོད་འ་ནེམ་ཅིག་ཁར་ མེ་ཏོག་ཤར་དོ་ཡོདཔ་ཨིན་རུང་ དུས་ཅི་ ཨར་མི་ཝཱམ་ཟེར་མི་ འབུབ་ཚུ་གིས་ ཟ་ཚར་ཡོདཔ་ལས་ གེ་ཟ་བསྡུ་ནི་ མི་འོང་ནི་མས་ཟེར་ ལོ་༣༨ ལང་མི་ བསོད་ནམས་ཀྱིས་ སླབ་ཨིན་པས།
གནག་མདོག་གིས་ སླབ་མི་དང་འཁྲིལཝ་ད་ ཁོང་གི་གཡུས་ཚན་ནང་ ཕམ་ཚུ་གི་སྐབས་ལས་ར་ ལྕང་ལཱ་རྐྱབ་པའི་སྐབས་ལུ་ དྲོ་པ་ལས་ ཕྱི་རུ་ཚུན་ ལྟོ་གུ་པགས་བཀལ་ཏེ་ ཆང་དང་བཅསཔ་སྦེ་ བྱིན་སྲོལ་ཡོད་མི་དེ་ ད་ལྟོའི་བར་ན་ཡང་ ལག་ལེན་འཐབ་སྟེ་ར་ཡོད་ཟེར་ སླབ་ཨིན་པས།
ལྕང་ལཱ་རྐྱབ་པའི་སྐབས་ལུ་ ཨམ་སྲུ་དང་ ཕོ་སྐྱེས་ཚུ་གི་བར་ན་ ཙང་མོ་འཐེན་ནི་དང་ བློ་ཟེ་ཁྱད་འཕྱད་ནི་ དེ་ལས་ ཞབས་ཁྲ་ཚུ་ འཐེན་ནི་ཡོདཔ་ལས་ འུ་སྡུགཔ་མི་ཚོར་ཟེར་ གནག་མདོག་གིས་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment