གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁམ་ཤིང་མེ་ཏོག་ཡོངས་གྲགས་ཡོད་རུང་ ཁྲུང་ཁྲུང་དང་ རྟ་དཀར་གྱིས་དབང་གནོན།

༤/༦/༢༠༡༣    ༉ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་མ་རན་པའི་ ཉིནམ་དག་པ་ཅིག་གི་ཧེ་མར་ བསམ་གྲུབ་ལྗོངས་མཁར་གྱི་ མཐའ་ཟུར་གཡུས་ཚན་ཚུ་ནང་སྡོད་མི་ གྲོང་གསེབ་མི་སེར་ཚུ་གིས་ ལས་རྟགས་རྟ་དང་ བྱ་ཁྲུང་ཁྲུང་ ཡང་ཅིན་ བྱ་ངང་པ་ཚུ་ལས་ལྷགཔ་སྦེ་ ཁམ་ཤིང་མེ་ཏོག་གི་སྐོར་ལས་ ལོ་རྒྱུས་མངམ་བཤད་ཡོདཔ་ཨིན་པས།

བསམ་གྲུབ་ལྗོངས་མཁར་གྱི་ མི་སེར་ཚུ་ ཚོགས་རྒྱན་བཙུགས་པའི་བསྒང་།

ཚོགས་རྒྱན་སྐྱུར་མི་ཚུ་ ལོ་རྒྱུས་སླབ་སར་གོཝ་ད་ འབྲུག་མཉམ་རུབ་ཚོགས་པ་དེ་ ཡོངས་གྲགས་སྦོམ་ཡོད་པའི་ བརྡ་མཚོན་ཨིནམ་ལས་ མི་ལེ་ཤ་ཅིག་གིས་ ཚོགས་པ་དེ་ འགོ་ཐོག་བཙག་འཐུ་ནང་ལས་ མཐར་འཁྱོལ་འབྱུང་ནི་མས་ཟེར་ རེ་བ་བསྐྱེད་དེ་སྡོད་ནུག།
དེ་འབདཝ་ད་ འགོ་ཐོག་བཙག་འཐུའི་ གྲུབ་འབྲས་ཚུ་ གསལ་བསྒྲགས་འབད་བའི་སྐབས་ ཁམ་ཤིང་མེ་ཏོག་དེ་ བྱ་ཁྲུང་ཁྲུང་དང་ རྟ་གཉིས་ཀྱིས་ ཤུགས་སྦེ་ར་ སྤུད་(ཕམ)བཏང་ཡོད་མི་དེ་ཡང་ འབྲུག་མཉམ་རུབ་ཚོགས་པ་གིས་ བདེ་བ་ཐང་-སྒོམ་དར་འདེམས་ཁོངས་ནང་ལས་ ཚོགས་རྒྱན་༩༣༧ རྐྱངམ་གཅིག་ ཐོབ་མི་དེ་ མི་སེར་དམངས་གཙོ་ཚོགས་པ་དང་ཕྱདཔ་ད་ ཚོགས་རྒྱན་༦༡༦ གིས་ ཉུངམ་བཞིན་དུ་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༢,༢༩༠ ཐོབ་ཅི།
ཚོགས་རྒྱན་སྐྱུར་མི་ཚུ་གིས་ སླབ་མིའི་ནང་ འབྲུག་སྤྱིར་འབད་ཚོགས་པ་དེ་ བསམ་གྲུབ་ལྗོངས་མཁར་རྐྱངམ་གཅིག་ནང་མིན་པར་ རྒྱལ་ཁབ་ནང་འཁོད་ལུ་ ཕམ་ནི་ཨིནམ་ སྔོན་བཤད་འབད་ཡི་ཟེར་ཨིནམ་ད་ སྲིད་དོན་ཚོགས་པ་སྦེ་ དོ་འགྲན་འབད་ནིའི་དོན་ལུ་ ཚོགས་པ་དེ་ སྒྲིང་སྒྲིང་དང་ ཉམས་མྱོང་ཚུད་དགོཔ་འདུག་ཟེར་ སྒོམ་དར་རྒེད་འོག་ལས་ ཚོགས་རྒྱན་སྐྱུར་མི་ཅིག་གིས་ སླབ་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པ་གིས་ བདེ་བ་ཐང་-སྒོམ་དར་འདེམས་ཁོངས་ནང་ལས་ ཚོགས་རྒྱན་༢༠༨ མ་གཏོགས་ ཐོབ་མ་ཚུགས་པས།
དེ་ལས་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་༢ ཆ་ར་གིས་ འདེམས་ཁོངས་གཉིས་ནང་ འགྲེམ་ཐོག་ཚོགས་རྒྱན་ ཧ་ལམ་འདྲ་མཉམ་མཚམས་ཐོབ་ཡོདཔ་ལས་ འགྲེམ་ཐོག་ཚོགས་རྒྱན་༢༥ ལས་བརྒལ་ ཁྱད་པར་མ་ཐོན་པས།
ཨིན་རུང་ ཚོགས་རྒྱན་སྐྱུར་མི་ལེ་ཤ་ཅིག་གིས་འབད་བ་ཅིན་ ཕུན་སུམ་ཚོགས་པ་གིས་ འདེམས་ཁོངས་གཉིས་ཆ་ར་ལས་ རྒྱལ་ཁ་ཐོབ་མི་དེ་ འདེམས་ངོ་ཚུ་ལུ་བལྟ་སྟེ་མིན་པར་ ཚོགས་པའི་གཙོ་འཛིན་གྱི་ ལྕོགས་གྲུབ་ལུ་བརྟེན་ཨིནམ་ད་ རྒྱལ་ཁབ་ཀྱིས་ འདི་བཟུམ་མའི་ ལྕོགས་གྲུབ་ཅན་གྱི་ དབུ་ཁྲིད་དེ་ ཤོར་བཅུག་ནི་མི་འོང་ཟེར་ ཚོགས་རྒྱན་སྐྱུར་མི་ཅིག་གིས་ སླབ་ཨིན་པས།
སྤྱིར་བཏང་བཙག་འཐུའི་ གྲུབ་འབྲས་ཚུ་ འགོ་ཐོག་བཙག་འཐུའི་ གྲུབ་འབྲས་དང་ མི་འདྲ་ནི་ཨིན་མི་དེ་ཡང་ སྲིད་ཚོགས་ལུ་བརྟེན་ ལུས་ཡོད་མི་ འདེམས་ངོ་ཚུ་ལུ་ ཚོགས་རྒྱན་མི་བཙུགས་ཟེར་ བདེ་བ་ཐང་ལས་ ཚོགས་རྒྱན་སྐྱུར་ནི་གི་ ཁྱད་ཚད་ལྡན་མི་ཅིག་གིས་ སླབ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་ལུ་ ཚོགས་རྒྱན་སྐྱུར་མི་ ཞི་གཡོགཔ་གོངམ་བགྲེསཔ་ཅིག་གིས་ སླབ་མིའི་ནང་ ཚོགས་པ་དེ་ལུ་ འདེམས་ངོ་ལྕོགས་གྲུབ་ཅན་ཚུ་ཡོད་རུང་ ཁོང་གི་ བསྐུལ་བསྒྲགས་ཐབས་བྱུས་དེ་ ཡིད་ཆེས་འདྲོངས་ཚུགསཔ་ཅིག་ མ་མཐོང་ཟེར་ཨིན་པས།
ཚོགས་པ་དེ་གིས་ གཞུང་གི་དབང་ཚད་ཕྱིར་སྤེལ་འབད་ནི་གི་ ཁས་བླངས་འབད་མི་དེ་ འོས་འབབ་མེདཔ་མ་ཚད་ འབད་ཐབས་ཡང་མེད་ཟེར་ ཚོགས་རྒྱན་སྐྱུར་མི་ཅིག་གིས་ སླབ་པའི་ཁར་ དབང་ཚད་ཕྱིར་སྤེལ་འབད་ནིའི་ཚབ་ལུ་ གཞུང་སྐྱོང་ཚོགས་པའི་ དབུ་ཁྲིད་ཀྱིས་ མི་སེར་འབད་སར་བྱོན་ཏེ་ གྲོས་བསྟུན་ཐོག་ འཆར་གཞི་བརྩམ་པ་ཅིན་ མི་སེར་གྱི་ དཀའ་ངལ་བསལ་ཚུགས་ཟེར་ཨིན་པས།
དེ་མ་ཚད་ མི་སེར་དམངས་གཙོ་ཚོགས་པ་གིས་ འགོ་ཐོག་བཙག་འཐུའི་སྐབས་ འོས་འབབ་མེད་པའི་ ཁས་བླངས་གསལ་བསྒྲགས་ལེ་ཤ་འབད་ཡོདཔ་ད་ ད་རིས་ ང་བཅས་ཀྱི་ སྨན་ཁང་ནང་ བརྟག་དཔྱད་འཕྲུལ་ཆས་ལངམ་མེད་པའི་ ནམ་དུས་ལུ་ ནདཔ་སྐྱེལ་ལེན་འབད་མི་ གནམ་གྲུ་ཧེ་ལི་ཀོབ་ཊར་མཁོ་སྤྲོད་འབད་ནི་གི་ ལོ་རྒྱུས་སླབ་ནི་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གཞུང་གིས་ ཕྱག་ལཱ་མཛད་དོ་བཟུམ་ཅིག་ གཞུང་སྐྱོང་མི་ སྲིད་ཚོགས་གཞན་ག་གིས་ཡང་ འབད་མ་ཚུགསཔ་འོང་ཟེར་ཨིནམ་ད་ ཨིན་རུང་ གྲུབ་འབྲས་དེ་བ་དྲགཔ་སྦེ་ ཐོན་དགོཔ་ཅིག་ཨིན་ཟེར་ ཚོགས་རྒྱན་སྐྱུར་མི་ གཞན་ཅིག་གིས་ སླབ་ཨིན་པས།
ཚོགས་རྒྱན་སྐྱུར་མི་ ལ་ལུ་ཅིག་གིས་ འབྲུག་མཉམ་རུབ་ཚོགས་པའི་ ལས་རྟགས་སྐོར་ལས་ དགོད་བྲ་སྦེ་ སླབ་མིའི་ནང་ ཁམ་ཤིང་མེ་ཏོག་དེ་ དུས་ཚོད་ཅིག་ནང་ཤར་བའི་ མེ་ཏོག་ཅིག་ཨིནམ་ལས་ ཡུན་བརྟན་སྦེ་ སྒྲིང་སྒྲིང་མི་གནས་ནི་ཨིན་པའི་ བརྡ་མཚོན་སྟོདམ་མས་ཟེར་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༣༡ ལུ་ འགོ་ཐོག་བཙག་འཐུའི་དོན་ལུ་ བསམ་གྲུབ་ལྗོངས་མཁར་གྱི་ མི་སེར་བརྒྱ་ཆ་༥༢ ཀྱིས་ ཚོགས་རྒྱན་བཙུགས་ཡོདཔ་ད་ རྫོང་ཁག་དེ་ནང་ ཐེ་བཀོད་ཅན་གྱི་ ཚོགས་རྒྱན་སྐྱུར་མི་བསྡོམས་༢༡,༨༩༦ ཡོད་མི་ལས་༡༡,༢༢༡ གིས་ ཚོགས་རྒྱན་སྐྱུར་ཡོད་པའི་གནས་ཚུལ།

No comments:

Post a Comment