གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༤/༦/༢༠༡༣   སྤྱིར་བཏང་བཙག་འཐུའི་དོན་ལུ་ ཚོགས་པའི་འདེམས་ངོ་ཚུ་ སྒྲིང་སྒྲིང་བཟོ་དོ་ཡོདཔ།
༉ སྤྱི་ཚོགས་༢ པའི་ འགོ་ཐོག་བཙག་འཐུའི་གྲུབ་འབྲས་ཚུ་ གསལ་སྟོན་འབད་ཚར་རུང་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ སྤྱིར་བཏང་བཙག་འཐུའི་དོན་ལས་ དོ་འགྲན་འབད་ནི་ཨིན་མི་ སྲིད་ཚོགས་༢ ཀྱི་དོན་ལུ་ ལཱ་འབད་དགོཔ་ལེ་ཤ་ཡོད་མི་ཚུ་ ཆ་མཉམ་གྱིས་ མ་མཁྱེནམ་ཅིག་མེད།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ སྤྱིར་བཏང་བཙག་འཐུའི་དོན་ལུ་ མཐར་འཁྱོལ་བྱུང་མི་ སྲིད་ཚོགས་༢ ཆ་རང་གིས་ ལྡོག་ཕྱོགས་ཚོགས་པ་བ་ གཞུང་སྐྱོང་ཚོགས་པ་འབད་ནི་ལུ་ གདམ་ཁ་རྐྱབ་ནི་གི་ སེམས་ཤུགས་བསྐྱེད་ནི་དེ་གིས་ཨིན།



མི་སེར་དམངས་གཙོ་ཚོགས་པའི་ཐད་ཁར་ གཞུང་འཚོགས་ནི་གི་གོ་སྐབས་དེ་ ཧ་ལམ་ འཐོབ་ནི་བཟུམ་ཡོད་མི་དེ་ཡང་ འདེམས་ཁོངས་༡༢ ནང་ རྒྱལ་ཁ་ཐོབ་མི་ལུ་ལྟཝ་ད་ སྤྱིར་བཏང་བཙག་འཐུ་ནང་ འདེམས་ཁོངས་གཞན་༡༣ རྩ་འགེངས་དགོཔ་ཨིན་མས།
དེ་འབདཝ་ད་ འདི་ འཇམ་ཏོང་ཏོ་ཅིག་མེན་པའི་ཁར་ འབད་ཚུགསཔ་བཟུམ་ཅིག་ མ་མཐོང་མི་དེ་ཡང་ འདེམས་ཁོངས་དག་པ་ཅིག་ནང་ འབྲུག་ཕུན་སུམ་ཚོགས་པའི་ཁ་ཐུག་ལུ་ ཤུགས་ཆེ་ནེ་དེ་གིས་ཨིན་མས།
དཔྱད་ཞིབ་འབད་མི་ ལ་ལུ་ཅིག་གིས་ སྔོན་བཤད་འབད་མིའི་ནང་ འགོ་ཐོག་བཙག་འཐུའི་ནང་ མཐར་འཁྱོལ་མ་འབྱུང་མི་ སྲིད་ཚོགས་གསརཔ་༢ ཀྱིས་ མི་སེར་དམངས་གཙོ་ཚོགས་པ་དང་གཅིག་ཁར་ ཁ་བསྡོམ་པ་ཅིན་ གཞུང་སྐྱོང་ནི་གི་གོ་སྐབས་འབྱུང་སྲིད་ནི་མས་ཟེར་ཨིན་མས།
གོ་སྐབས་ལུ་ལྟ་སྟེ་ འདེམས་ངོ་ཚུ་གིས་ དེ་འཕྲོ་ལས་ ཚོགས་པ་གཞན་ནང་ མཆོངས་ནི་དེ་ཡང་ འོས་འབབ་བལྟ་དགོཔ་ཅིག་ཨིན་རུང་ ཚོགས་སྡེའི་འདེམས་ངོ་ལས་ སྲིད་ཚོགས་ཀྱི་ འདེམས་ངོ་ནང་ འཛུལ་ཞུགས་འབད་ཡོདཔ་བཞིན་དུ་ བཅའ་ཡིག་དང་འཁྲིལ་རུང་ མ་བཏུབ་མེདཔ་སྦེ་ཨིན་མས།
འདེམས་ངོ་ཚུ་ ཚབ་བཙུགས་ནིའི་ལཱ་དེ་ གཡོ་བྱུས་འཚམས་ཅིག་ འོང་ནི་ཨིནམ་ད་ དེ་ཡང་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་པ་རྩ་བརྟན་བཟོ་ནིའི་དོན་ལུ་ འདེམས་ཁོངས་དག་པ་ཅིག་ནང་ འདེམས་ངོ་ཚུ་ ཚབ་བཙུགས་འབད་ཡོདཔ་ཨིན་རུང་ གནད་དོན་ལ་ལུ་ཅིག་ནང་ རྒྱབ་འགལ་འབད་དོ་ཡོདཔ་བཟུམ་ཅིག་འདུག།
འདེམས་ངོ་ཚབ་བཙུགས་མ་འབད་མི་གཞན་ཚུ་ ད་ལྟོ་ སྤྱིར་བཏང་བཙག་འཐུ་ནང་ བར་ཆད་སྦོམ་འབྱུང་ནི་བཟུམ་ཅིག་ཡོདཔ་ད་ དེ་ཡང་ ལྷོ་ཕྱོགས་ལུ་ འདེམས་ཁོངས་ལ་ལུ་ཅིག་ནང་ གནད་དོན་འདི་ བྱུང་ཡོདཔ་བཟུམ་ཅིག་འདུག།
ཨིན་རུང་ མི་སེར་དམངས་གཙོ་ཚོགས་པའི་ཐད་ཁར་ འཇམ་སུ་ཅིག་འོང་དགོ་མི་དེ་ཡང་ འདེམས་ངོ་མང་ཤོས་ར་ གསརཔ་ཨིནམ་ལས་ ཁས་བླངས་འབད་མི་ཚུ་གི་ འགན་ཁུར་འབག་མ་དགོ་ནི་དེ་གིས་ཨིན་མས།
འབྲུག་ཕུན་སུམ་ཚོགས་པའི་ཐད་ཁར་ ནུབ་ཕྱོགས་དང་ ལྷོ་ཕྱོགས་ཀྱི་ རྫོང་ཁག་ཚུ་ནང་ དོ་འགྲན་ལེགས་ཤོམ་འབད་མ་ཚུགས་མི་དེ་ལུ་ ཧ་གོ་དགོཔ་ ངེས་བདེན་འདུག་ཟེར་མནོཝ་མས།
མ་གཞི་ འབྲུག་ཕུན་སུམ་ཚོགས་པ་གིས་ འགོ་ཐོག་བཙག་འཐུ་ནང་ འདེམས་ཁོངས་༤༧ ལས་༣༣ ནང་ རྒྱལ་ཁ་ཐོབ་སྟེ་ སྣ་ཁྲིད་འབད་རུང་ ལག་ལེན་དང་ ལམ་ལུགས་ཚུ་ ཚུལ་མཐུན་སྦེ་ མ་འགྱོ་བ་ཅིན་ ལྡོག་ཕྱོགས་ཚོགས་པ་སྦེ་ ལུས་ནིའི་ཉེན་ཁ་འདུག་ཟེར་ ཞུ་ནི་ཨིན།

No comments:

Post a Comment