གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༧ ཚབ་བཙུགས་འབད་ཡོདཔ།

༡༠/༦/༢༠༡༣   ༉ སྤྱི་ཚོགས་༢ པའི་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནིའི་ གོ་སྐབས་ཐོབ་མི་ སྲིད་དོན་ཚོགས་པ་༢ ཀྱིས་ འདེམས་ངོ་གཏན་འཁེལ་གྱི་ ཐོ་བཀོད་འབད་ནིའི་ ཚེས་གྲངས་མཇུག་དེ་ ནངས་པར་ཨིནམ་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༧ ཚོགས་པ་གཞན་ལས་ ཚབ་བཙུགས་འབད་ཡོདཔ་ཨིན་པས།


འདེམས་ངོ་༧ པོ་ཆ་ར་ འབྲུག་མཉམ་རུབ་ཚོགས་པ་ལས་ བཙུགས་ཡོདཔ་ད་ དེ་ཡང་ བཀྲ་ཤིས་སྒང་གི་ བཀང་ལུང་-བསམ་མཁར་ -ཨུ་མཛོ་རོང་དང་ ར་ལྡི་-སག་སྟེང་འདེམས་ཁོངས་ མོང་སྒར་-ཁྲིམས་ཤིང་འདེམས་ཁོངས་ གཞལམ་སྒང་གི་འདེམས་ཁོངས་༢ ཆ་ར་ དེ་ལས་ བསམ་གྲུབ་ལྗོངས་མཁར་གྱི་ ཇོ་མོ་གཙང་ཁ་-མར་ཚ་ལ་འདེམས་ཁོངས་ཀྱི་ འདེམས་ངོ་ཚུ་ ཚབ་བཙུགས་འབད་ཡོདཔ་ཨིན་པས།
བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་གི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ རྡོ་རྗེ་འབྲུག་པ་གི་ཚབ་སྦེ་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ རྡོ་རྗེ་དབང་ཕྱུག་ བཙུགས་ཡོདཔ་ད་ ར་ལྡི་-སག་སྟེང་གི་འདེམས་ངོ་དེ་ ཀུན་ལེགས་རྡོ་རྗེ་བཙུགས་ཡོདཔ་ཨིན་པས།
གཞལམ་སྒང་རྫོང་ཁག་གི་ བར་དོ་-ཀྲོང་འདེམས་ཁོངས་ཀྱི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཤེས་རབ་དབང་འདུས་ཀྱི་ཚབ་སྦེ་ ལས་སྐྱིད་རྡོ་རྗེ་བཙུགས་ཡོདཔ་བཞིན་དུ་ པཱན་སྦང་གི་འདེམས་ངོ་ སངས་རྒྱས་རྡོ་རྗེ་གི་ཚབ་སྦེ་ ཚེ་རིང་བཙུགས་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ ཇོ་མོ་གཙང་ཁ་-མར་ཚ་ལ་འདེམས་ཁོངས་ཀྱི་ ཌོག་ཊར་ བློ་བཟང་རྡོ་རྗེ་གི་ཚབ་སྦེ་ དཔལ་བཟང་བཙུགས་ཡོདཔ་ད་ མོང་སྒར་གྱི་ ཁྲིམས་ཤིང་-མོང་སྒར་འདེམས་ཁོངས་ཀྱི་དོན་ལུ་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ རྡོ་རྗེ་ཆོས་སྒྲོན་དང་ འཇིགས་མེད་བཟང་པོ་༢ བཙུགས་ཡོདཔ་ཨིན་པས།
ཁྲིམས་ཤིང་འདེམས་ཁོངས་ཀྱི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ བསོད་ནམས་དཔལ་འབྱོར་གྱིས་ སླབ་མིའི་ནང་ ཚོགས་པའི་ཁེ་ཕན་ལུ་ལྟ་སྟེ་ ཚོགས་པ་གཞན་གྱི་འདེམས་ངོ་ བཙུགས་མི་དེ་ལུ་ ངོས་ལེན་འབད་ཡི་ཟེར་ཨིན་པས།
འདེམས་ངོ་ཚབ་བཙུགས་འབད་མི་ཚུ་ལུ་ ཚོགས་པ་གིས་ འཐུས་བཟུམ་ཅིག་སྦེ་ ཏི་རུ་བྱིན་ནུག་ཟེར་བའི་ འཐོར་གཏམ་ཁྱབ་སྤེལ་འབད་མི་ལུ་ ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གནད་དོན་འདི་གི་སྐོར་ལས་ ལོ་རྒྱུས་ག་ནི་ཡང་ མེད་ཟེར་ཨིན་པས།
ཨིན་རུང་ ཁོང་གི་གོ་སྐབས་དེ་ གཞན་ལུ་བྱིན་མི་ལུ་བརྟེན་ ཚོགས་པ་གིས་ བལྟ་དགོཔ་འོང་ཟེར་ བཤད་པའི་ཁར་ ཁོ་རའི་ ཚོགས་པ་ལུ་ར་ རྒྱབ་སྐྱོར་འབད་དེ་ སྡོད་འོང་ཟེར་ཨིན་པས།
ཁོ་གིས་ འགོ་ཐོག་བཙག་འཐུ་ནང་ལས་ ཚོགས་རྒྱན་ཉུང་སུ་ཐོབ་སྟེ་འབད་རུང་ སྤྱིར་བཏང་བཙག་འཐུ་ནང་ལས་ རྒྱལ་ཁ་འཐོབ་ནི་དེ་ ངེས་བདེན་ཡོད་ཟེར་ཨིནམ་ད་ དེ་བཟུམ་སྦེ་ མོང་སྒར་འདེམས་ཁོངས་ཀྱི་ སྐལ་བཟང་དབང་མོ་གིས་འབད་བ་ཅིན་ ཚོགས་པ་གིས་ སླབ་མི་དང་འཁྲིལ་ཏེ་ འཇིགས་མེད་བཟང་པོ་ལུ་ གོ་སྐབས་བྱིན་ཡི་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ འཇིགས་མེད་བཟང་པོ་གིས་ ཚོགས་པ་གཞན་དང་གཅིག་ཁར་ ཐོ་བཀོད་འབད་ནིའི་དོན་ལུ་ ཁོ་ར་གིས་ ཐག་བཅད་དགོ་མི་དེ་ཡང་ ཁོ་གིས་འབད་བ་ཅིན་ ད་རུང་ ལོ་༥ འི་རིང་ གཞུང་གིས་ ག་ཅི་མཛད་ནི་ཨིན་ན་ བལྟ་སྡོད་ནི་གི་ དུས་ཚོད་མེད་ཟེར་ཨིན་པས།
ཁོ་གིས་ འདེམས་ཁོངས་ནང་ལས་ རྒྱལ་ཁ་འཐོབ་ཚུགས་པ་ཅིན་ གཞུང་སྐྱོང་འབད་རུང་ ལྡོག་ཕྱོགས་འབད་རུང་ གོ་སྐབས་འཐོབ་ཚུགས་ནི་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ ནོར་བུ་དབང་ཕྱུག་གིས་ ཁོ་རའི་ གོ་སྐབས་དེ་ དམངས་གཙོའི་མཐའ་དོན་འགྲུབ་ནི་ལུ་ཨིནམ་ལས་ ཁོ་གིས་ ཐག་བཅད་ནི་འཇམ་ཤོས་ར་ མི་སེར་དམངས་གཙོ་ཚོགས་པ་ནང་ མ་འཛུལ་བར་སྡོད་ནི་དེ་ཨིན་རུང་ ཚོགས་པ་དེ་དང་གཅིག་ཁར་ དམངས་གཙོ་སྒྲིང་སྒྲིང་བཟོ་ཚུགས་ནི་ཨིནམ་ལས་ ཚོགས་པ་དེ་ནང་ འཛུལ་ཡི་ཟེར་ སླབ་ཨིན་པས།
ཁོ་གིས་ འགོ་ཐོག་བཙག་འཐུ་གི་ གྲུབ་འབྲས་ལུ་ལྟཝ་ད་ འབྲུག་གི་ ཤར་ཕྱོགས་ཀྱི་ལུང་ཕྱོགས་དེ་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་དང་ ནུབ་ཕྱོགས་ཀྱི་ལུང་ཕྱོགས་དེ་ མི་སེར་དམངས་གཙོ་ཚོགས་པ་ལུ་འབད་དོ་བཟུམ་མའི་ མཐོང་གསལ་བྱུང་ཡི་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཤར་ཕྱོགས་ཁ་ཐུག་ལས་ རྒྱལ་ཁ་འཐོབ་ཚུགས་པ་ཅིན་ ཚོགས་པ་༢ ཀྱི་བར་ན་ དབྱེ་བ་འདྲན་འདྲ་སྦེ་ བཟོ་ཚུགས་ནི་མས་ཟེར་ སླབ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ ལ་ཡ་-ཁ་སྟོད་འདེམས་ངོ་ དམ་ཆོས་རྡོ་རྗེ་གིས་ སླབ་མིའི་ནང་ འདེམས་ངོ་༧ ཚབ་བཙུགས་འབད་ནི་གི་ གྲོས་ཐག་བཅད་མི་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༨ ལུ་ ཚོགས་པའི་གྲོས་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ བྱུང་ཡི་ཟེར་ཨིནམ་ད་ དེ་བསྒང་ འདེམས་ངོ་ཚུ་གི་ཁ་ཐུག་ལས་ ངོས་ལེན་ལེགས་ཤོམ་བྱུང་མི་ལུ་བརྟེན་ དཀའ་ངལ་ག་ནི་ཡང་ མ་འཐོན་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་ཚབ་བཙུགས་འབད་མི་ཚུ་ཡང་ ཤར་ཕྱོགས་ཁ་ཐུག་ལས་ ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ མང་སུ་ཡོདཔ་བཟོ་ནིའི་དོན་ལུ་ཨིན་རུང་ ཚབ་བཙུགས་འབད་མི་འདེམས་ངོ་ཚུ་ འགོ་ཐོག་བཙག་འཐུའི་སྐབས་ལུ་ ཚོགས་རྒྱན་ཉུང་སུ་ ཐོབ་མི་ཚུ་ཡང་ ཡོདཔ་ཨིན་པས།
དཔེ་འབད་བ་ཅིན་ ཇོ་མོ་གཙང་ཁ་འདེམས་ཁོངས་ཀྱི་ འདེམས་ངོ་གིས་ འགོ་ཐོག་བཙག་འཐུའི་ནང་ ཚོགས་རྒྱན་༡༦༣༧ ཐོབ་ཡོད་རུང་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་གིས་ ཚོགས་རྒྱན་༦༦༡ ལས་ མ་ཐོབ་ཨིན་པས།
དེ་བཟུམ་སྦེ་ གཞལམ་སྒང་གི་ པཱན་སྦང་འདེམས་ཁོངས་ལས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ སངས་རྒྱས་རྡོ་རྗེ་གིས་ འགོ་ཐོག་བཙག་འཐུའི་སྐབས་ལུ་ ཚོགས་རྒྱན་༨༣༩ ཐོབ་མི་དང་ཕྱདཔ་ད་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཚེ་རིང་གིས་ཚོགས་རྒྱན་༦༠༥ ལས་ ཐོབ་མ་ཚུགས་པར་ཡོད་རུང་ ཚབ་བཙུགས་འབད་ཡོདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་ ད་རུང་ འདེམས་ངོ་དག་པ་ཅིག་ལུ་ ཚབ་བཙུགས་འབད་ནི་གི་ དཔའ་བཅམ་ཡོད་རུང་ འདེམས་ངོ་ཚུ་གིས་ རྒྱབ་བཤུད་རྐྱབ་མ་བཏུབ་པར་ ལུས་ཡོད་པའི་ལོ་རྒྱུས་ཚུ་ཡང་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment