གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བདེན་ཁུངས་མེད་པའི་ཉེས་འཛུགས།

༡༤/༦/༢༠༡༣  ༉ འདས་པའི་བདུན་ཕྲག་ནང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ནང་ལཱ་འབད་མི་ རྒྱ་གར་གྱི་བཟོ་སྐྲུན་ལས་སྡེ་ གེ་མཱོན་གྱིས་ ལས་སྡེ་དེ་གི་འོག་ལུ་ ཁག་འབག་ཆུང་བའི་ནང་ལཱ་འབད་མི་ ནང་འཁོད་བཟོ་སྐྲུན་ལས་སྡེ་༢ ལུ་ ངན་ལྷད་དང་ ཚུལ་མིན་ཐོག་མགུ་སྐོར་རྐྱབ་ཡོད་པའི་ ཉེས་འཛུགས་ཐོག་ བརྡ་བརྒྱུད་ལུ་སླབ་ཡོད་མི་དེ་ བདེན་ཁུངས་མེད་པའི་ ཉེས་འཛུགས་ཨིནམ་སྦེ་ ཁ་ཙ་ གེ་མཱོན་ལས་སྡེའི་ འགོ་དཔོན་ཚུ་གིས་ བརྡ་བརྒྱུད་ཚུ་ལུ་ གསལ་བཤད་འབད་ཡི།
གེ་མཱོན་བཟོ་སྐྲུན་ལས་སྡེའི་ ལས་འགུལ་མཉམ་འབྲེལ་འགོ་དཔོན་ བི་ཀི་ བཱན་སཱལ་(གཡོན་ཁ་ཐུག)དང་ ཨིན་ད་ར་བཟོ་སྐྲུན་གྱི་ཇོ་བདག་ ཨིན་ད་ར་པར་སཱད་ ཤར་མ།


གེ་མཱོན་གྱི་ ལས་འགུལ་མཉམ་འབྲེལ་འགོ་དཔོན་ བི་ཀི་ བཱན་སཱལ་གྱིས་ སླབ་མིའི་ནང་ ལས་སྡེ་ལུ་ ངད་ལྷད་དང་ཚུལ་མིན་གྱི་ཉེས་འཛུགས་འབད་མི་དེ་ དགོད་བྲ་མེནམ་ལས་ ལས་སྡེ་གིས་དེ་ལུ་ ངོས་ལེན་སྒྲིང་སྒྲིང་འབད་ནི་ཟེར་ཨིནམ་ད་ ཉེས་འཛུགས་འབད་མི་ཚུ་ མ་ཉེས་ཁ་གཡོགས་ཨིནམ་ལས་ བདེན་ཁུངས་མེད་ཟེར་ བཤདཔ་ཨིན་པས།
ནང་འཁོད་ཀྱི་ བཟོ་སྐྲུན་ལས་སྡེ་ཆུང་རིམ་ཅིག་ཨིན་མི་ ཨིན་ད་ར་བཟོ་སྐྲུན་དང་ དཔལ་འབྱོར་བཟོ་སྐྲུན་ལས་སྡེ་གྱིས་ གེ་མཱོན་བཟོ་སྐྲུན་ལས་སྡེ་གི་འོག་ལུ་ གློག་མེའི་ཀཝ་དང་ གློག་ཐག་སྤྲིང་ནིའི་ ཆུང་རིམ་གྱི་ལཱ་ཚུ་འབད་དོ་ཡོདཔ་ད་ ལས་སྡེ་༢ པོ་གིས་ འདས་པའི་གནས་ཚུལ་གསར་ཤོག་ནང་ གསལ་བཀོད་འབད་མི་དང་འཁྲིལཝ་ད་ གེ་མཱོན་ལུ་ ཉེས་བཙུགས་ཐོག་གི་ རྩོད་དོན་དེ་ དབང་འདུས་ཕོ་བྲང་རྫོང་ཁག་ཁྲིམས་ཁང་ནང་ སྤྱི་ཟླ་༥ པའི་ཚེས་༢༤ ལུ་ བཙུགས་ཅི་ཟེར་ཨིན་པས།
ཆུང་རིམ་ཁག་འབག་ལས་སྡེ་༢ ཀྱིས་འབད་བ་ཅིན་ གེ་མཱོན་གྱིས་ ཅ་ལ་ཚུ་ དུས་ཐོག་ལུ་མ་སྐྱེལ་བར་ ལས་མི་ཚུ་ ཟླ་༣ དེ་རེ་ ལཱ་མེད་པར་ལུས་མིའི་ ལས་མིའི་གླ་ཆ་ཚུ་ སྤྲོད་མ་བཏུབ་པའི་ཁར་ ཅ་ཆས་ཚུ་ ས་གནས་ཁར་སྐྱེལ་ནི་གི་དོན་ལུ་ ལས་མིའི་གླ་ཆ་ཚུ་ ཁག་འབག་གཞན་མི་ ཅ་ཆས་སྐྱེལ་འདྲེན་གྱི་ ལྕགས་ཐག་ལག་ལེན་འཐབ་མི་ཚུ་དང་ ཁྱད་པར་མེདཔ་སྦེ་ བྱིན་ནི་ཟེར་སླབ་ཞིནམ་ལས་ གླ་ཆ་བྱིནམ་ད་ མར་ཕབ་སྟེ་ འདྲན་འདྲ་མ་བྱིན་ཟེར་ཨིན་པས།
དེ་མ་ཚད་ ད་རུང་ ཁག་འབག་དེ་༢ ཀྱིས་འབད་བ་ཅིན་ གེ་མཱོན་གྱི་ བཟོ་རིག་འགོ་དཔོན་དང་ ལས་འགུལ་འགོ་དཔོན་ཚུ་གིས་ ལཱ་གི་རིན་གནས་འོང་འབབ་ལས་ བརྒྱ་ཆ་༥ དེ་ཅིག་ ཁོང་ལུ་བྱིན་དགོཔ་སྦེ་སླབ་རུང་ མ་བྱིན་མི་ལུ་བརྟེན་ དོན་མེད་ས་དོང་མི་ཊར་༡ དེ་ཅིག་འབད་མི་ བརྐོ་བཅུག་ཡོདཔ་སྦེ་ ཉེས་འཛུགས་འབདཝ་ཨིན་པས།
གེ་མཱོན་གྱིས་འབད་བ་ཅིན་ ལཱ་དེ་ཚུ་ ཁག་འབག་༢ ཀྱི་བར་ན་ གན་ཡིག་བཟོ་ཡོད་མི་དང་འཁྲིལ་ ལག་ལེན་འཐབ་ཡོདཔ་ལས་ དེ་ཚུ་སྒྲུབ་བྱེད་མེད་པའི་ ལོ་རྒྱུས་ཚུ་ཨིནམ་མ་ཚད་ ས་གནས་ཁར་ ཅ་ཆས་ཚུ་བསྐྱལ་ནི་གི་དོན་ལུ་ ཅ་ཆས་སྐྱེལ་འདྲེན་གྱི་ལྕགས་ཐག་ལག་ལེན་འཐབ་མི་དང་ ལས་མི་ལག་ལེན་འཐབ་མི་གི་བར་ན་ ཁྱད་པར་ལེ་ཤ་ཡོདཔ་ལས་ གླ་ཆ་འདྲན་འདྲ་བྱིན་ནི་དེ་ཡང་ འོས་འབབ་མེད་ཟེར་ཨིན་པས།
དེ་འབདཝ་ད་ ཨིན་ད་ར་བཟོ་སྐྲུན་གྱི་ཇོ་བདག་ ཨིན་ད་ར་ པར་སཱད་ ཤར་མ་གིས་འབད་བ་ཅིན་ གེ་མཱོན་གྱིས་ ཁོང་ཁག་འབགཔ་༢ ཀྱིས་ ལཱ་འགོ་བཙུགས་སྟེ་ ཟླཝ་༦ གི་ཤུལ་ལུ་རྐྱངམ་གཅིག་ ཁོང་ལུ་ ལས་འགུལ་བཀའ་རྒྱ་སྤྲོད་ཐོག་ལས་ མགུ་སྐོར་རྐྱབ་ཅི་ཟེར་ཨིན་པས།
བི་ཀི་ བཱན་སཱལ་གྱིས་འབད་བ་ཅིན་ ཁོང་གི་ལས་སྡེ་གི་ བཟོ་རིག་འགོ་དཔོན་དང་ ལས་འགུལ་འགོ་དཔོན་ཚུ་ལུ་ དངུལ་ཕོགས་ལེགས་ཤོམ་ཡོདཔ་ལས་ དེ་སྦེ་ཁག་འབག་ལས་ འོང་འབབ་བགོ་བཤའ་རྐྱབ་དགོཔ་སྦེ་ སླབ་མི་སྲིད་ཟེར་ཨིན་རུང་ ཁོ་གིས་ས་གནས་ཁག་གི་ འབྲེལ་ཡོད་བཟོ་རིག་འགོ་དཔོན་དང་ ལས་འགུལ་འགོ་དཔོན་ཚུ་ལུ་ ལོགས་སུ་གསལ་བཀོད་འབད་དེ་ དེ་བཟུམ་མའི་ འཛོལ་བ་འབད་མི་རེ་ འཐོན་པ་ཅིན་ ངོས་ལེན་སྒྲིང་སྒྲིང་འབད་ནི་སྦེ་ སླབ་ཡོདཔ་ཨིན་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཁག་འབགཔ་༢ ཀྱིས་ རྩོད་དོན་དེ་ ཁྲིམས་ཁང་ནང་ བཙུགས་ཡོདཔ་སྦེ་སླབ་རུང་ ད་ཚུན་ ཁྲིམས་ཁང་ནང་ལས་ ལས་སྡེ་ལུ་ ག་ནི་ཡང་མ་ལྷོདཔ་ལས་ རྩོད་དོན་དེ་ ཁྲིམས་ཁང་གིས་ ངོས་ལེན་འབད་མ་འབད་ མི་ཤེས་པས་ཟེར་ཨིན་པའི་ཁར་ ཉེས་འཛུགས་དེ་ ཚབས་ཆེན་ཅིག་ཨིནམ་ལས་ གེ་མཱོན་གྱིས་ཡང་ ཁོ་རའི་རྩོད་དོན་བཀོད་ཐོག་ལས་ ཁྲིམས་ཁང་ནང་བཙུགས་ནི་གི་ གྲ་སྒྲིག་འབད་ནི་ཟེར་ཨིན་པས།
ཨིན་ད་ར་ པར་སཱད་ ཤར་མ་གིས་འབད་བ་ཅིན་ གེ་མཱོན་གྱིས་ རྩོད་དོན་དེ་ རྒྱ་གར་གྱི་ ཁྲིམས་ཁང་ནང་བཙུགས་དགོཔ་ཨིནམ་སྦེ་སླབ་སྟེ་ དབང་ཤུགས་བཙོང་ནི་གི་ དཔའ་བཅམ་ཅི་ཟེར་ཨིནམ་ད་ ཨིན་རུང་ བི་ཀི་ བཱན་སཱལ་གྱིས་འབད་བ་ཅིན་ ཁྲིམས་དང་འཁྲིལཝ་ད་ འོས་འབབ་ཡོད་པ་ཅིན་ རྩོད་དོན་དེ་ འབྲུག་དང་ རྒྱ་གར་གྱི་ཁྲིམས་ཁང་༢ ཆ་རའི་ནང་ བཙུགས་ནི་གི་ འཆར་གཞི་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment