གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་ཚུ་གིས་རྫོང་བདག་ལུ་ འཐུང་ཆུའི་དཀའ་ངལ་བསེལ་ཐབས་ཀྱི་ཞུ་བ།

༡༤/༦/༢༠༡༣   ༉ གཞལམ་སྒང་ལུ་ འཐུང་ཆུ་མ་ལང་པའི་ དཀའ་ངལ་ཐོན་ཏེ་ ལོ་ངོ་ལེ་ཤ་ཅིག་ ལང་མི་དང་འཁྲིལ་ ཁ་ཉིནམ་གཞལམ་སྒང་ཁྲོམ་ཁར་སྡོད་མི་ མི་སེར་༦༠ དེ་ཅིག་གིས་ རྫོང་བདག་གི་ ཡིག་ཚང་ནང་བཅར་ཏེ་ འཕྲལ་མགྱོགས་ར་ ཐབས་ལམ་བཏོན་དགོ་པའི་ ཞུ་ཡིག་ཕུལ་ཡོདཔ་ཨིན་པས།
ཆུ་སྐམ་མི་ དུང་སྦེས་མ་ནིའི་ ཆུ་དུང་ཚུ།


ཞུ་ཡིག་དེ་གི་འདྲ་པར་ ཀུན་གསལ་གྱིས་ མ་ཐོབ་སྟེ་འབད་རུང་ མི་ཚུ་གིས་འབད་བ་ཅིན་ ཞུ་ཡིག་དེ་ནང་ འདས་པའི་ལོ་༣ གྱི་རིང་ འཐུང་ཆུའི་དཀའ་ངལ་དེ་གི་སྐོར་ལས་ འཛོམས་འདུ་ཚར་ལེ་ཤ་ཅིག་ར་ འཚོགས་ཡོདཔ་ཨིན་རུང་ གྲུབ་འབྲས་ག་ཅི་ཡང་ མ་ཐོནམ་ད་ དེ་སྦེ་ ཁ་གིས་ཞུ་བ་འབད་མི་དེ་གིས་ ཕན་ཐོགས་མི་བྱུང་དོ་ཡོདཔ་ལས་ ད་རེས་ ཡིག་ཐོག་ལུ་ ཕུལ་ཡོདཔ་སྦེ་ བཀོད་དེ་ཡོད་ཟེར་ཨིན་པས།
གཞལམ་སྒང་ཁྲོམ་ཁར་སྡོད་མི་ ཚེ་དབང་རྡོ་རྗེ་གིས་འབད་བ་ཅིན་ ཧེ་མ་ ཆུའི་རྐ་རྙིངམ་དེ་འབད་བའི་སྐབས་ འཐུང་ཆུ་ལངམ་སྦེ་ ཡོདཔ་ཨིན་རུང་ རྐ་གསརཔ་དེ་ བཟོ་སྐྲུན་འབད་མི་ལས་འགོ་བཙུགས་ ཆུ་མ་ལང་པའི་དཀའ་ངལ་དེ་ ཐོན་ཡོདཔ་ད་ དེ་ཡང་ རྐ་གསརཔ་དེ་ བཟོ་སྐྲུན་འབད་སའི་ས་ཁོངས་ འཛོལ་མི་ལུ་བརྟེན་ཏེ་ཨིནམ་སྦེ་བཤད་ཅི།
དེ་གི་སྐོར་ལས་ འགོ་དཔོན་ཚུ་ལུ་ དྲི་བཀོད་འབད་བའི་སྐབས་ ཆུ་ཚུ་ རྐ་ལས་ར་ སྐམ་མི་ལུ་བརྟེན་ དཀའ་ངལ་དེ་ ཐོན་དོ་ཡོདཔ་སྦེ་ སླབ་མས་ཟེར་ཨིན་པས།
ཨིན་རུང་ མི་སེར་ཚུ་གི་ཁྱིམ་ནང་ ཆུ་འོང་ནི་མེད་པར་ ཆུ་བགོ་བཀྲམ་འབད་སའི་ ཆུ་མཛོད་ནང་ལས་ འཕྲལ་འཕྲལ་སྦེ་ར་ ཞལ་འགྱོ་སར་མཐོངམ་མས་ཟེར་ ཚེ་དབང་རྡོ་རྗེ་གིས་ སླབ་ཨིན་པས།
ད་རེས་ཀྱི་གནས་སྟངས་ནང་ ཁྲོམ་ཁར་སྡོད་མི་ ལ་ལུ་ཅིག་གིས་ ཆུ་ཚུ་ གཞལམ་སྒང་ཁྲོམ་ཁ་ལས་ ཀི་ལོ་མི་ཊར་༨ དེ་ཅིག་གི་ ས་ཁར་འབད་བའི་ བ་མེན་གསོ་སྐྱོང་ཁང་གི་ ས་ཁོངས་ཚུ་ལས་ དབོགས་དོ་ཡོདཔ་ཨིན་པས།
ཁྲོམ་ཁར་སྡོད་མི་ གཞན་མི་ཅིག་གིས་ བཤད་དོ་བཟུམ་འབད་ཅིན་ ཆུའི་རྒྱུན་ལམ་བཟོ་མི་ཚུ་ ཆང་འཐུང་སྟེ་ར་ སྡོད་དོ་ཡོདཔ་ད་ ཁོང་གིས་ ཆུའི་སྐོར་ལས་ ཉོགས་བཤད་བཀོད་པའི་སྐབས་ ང་བཅས་ཀྱིས་ ཆུ་དུང་ནང་ འཛུལ་ས་མིན་འདུག་ཟེར་ སླབ་ནི་འདུག་ཟེར་ཨིན་པས།
ཁྲོམ་ཁར་སྡོད་མི་ གཞན་མི་ཅིག་གིས་འབད་བ་ཅིན་ ཁོང་གིས་ དུས་ཡུན་བདུན་ཕྲག་རེ་གི་རྒྱབ་ལས་རྐྱངམ་གཅིག་ ཆུ་ཆུང་ཀུ་རེ་ལས་བརྒལ་ མི་ཐོབ་དོ་ཡོདཔ་ད་ དེ་ཡང་ ཡུདཔ་ཐེངས་ཅིག་ནང་ར་ ཆདཔ་མས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཁྲོམ་གྱི་ཁྱིམ་ ལ་ལུ་ཅིག་ནང་ ཆུ་ཨ་རྟག་ར་ འོང་དོ་ཡོདཔ་ཨིན་རུང་ ལ་ལུ་ཅིག་ནང་ དུས་ཡུན་བདུན་ཕྲག་ལས་བཅད་དེ་ དཀའ་ངལ་ཚུ་ བྱུངམ་མས་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ཁོང་གིས་ གཞལམ་སྒང་ལས་ ཀི་ལོ་མི་ཊར་དག་པ་ཅིག་གི་ ས་ཁར་ཡོད་པའི་ དུང་སྦིས་ཆུ་འཁོར་མ་ནི་ལས་ དབོག་ནི་ཡོདཔ་ཨིན་རུང་ ད་རེས་ དེ་ནང་ཡང་ ཆུ་སྐམ་སོ་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ཕོ་སྐྱེས་ཅིག་གིས་འབད་བ་ཅིན་ ཁྲོམ་ཁར་འཐུང་ཆུའི་དཀའ་ངལ་ཐོན་མི་དེ་ གསརཔ་ཅིག་མེནམ་ད་ དེ་ཡང་ ཧེ་མ་ འཐུང་ཆུའི་རྐ་འགོ་གསརཔ་དེ་ བཟོ་སྐྲུན་འབད་བའི་སྐབས་ ཞིབ་འཚོལ་ལེགས་ཤོམ་ མ་འབད་མི་དང་ ད་རེས་ འཛིན་སྐྱོང་ལེགས་ཤོམ་སྦེ་ མ་འཐབ་མི་ལུ་བརྟེན་ཏེ་ ཨིནམ་བཟུམ་ཅིག་ མཐོངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་གི་ཁྱིམ་ནང་ ཉིན་གྲངས་༢ དང་༣ གྱི་བར་ན་ ཆུ་ཚར་རེ་ལས་ མི་འོང་དོ་ཡོདཔ་ད་ བཟའ་ཁང་ཡོད་མི་ཚུ་གིས་ ས་ཐག་རིང་ས་ལས་ཕར་སོང་སྟེ་ དབོགས་འབག་འོངམ་མས་ཟེར་ཨིན་པས།
རྫོང་ཁག་གཞན་ཚུ་ནང་འབད་བ་ཅིན་ འཐུང་ཆུ་ཚུ་ མ་འོངས་ཡུན་བརྟན་སྦེ་ བཞག་ནིའི་དོན་ལུ་ ཀི་ལོ་མི་ཊར་༣༠ དང་༤༠ འབད་བའི་ ས་གནས་ཚུ་ནང་ལས་ རྐ་བཏོན་དོ་ཡོདཔ་ཨིན་རུང་ གཞལམ་སྒང་ལུ་ དེ་སྦེ་མ་འབད་བས་ཟེར་ཨིནམ་ད་ གལ་སྲིད་ ད་རེས་ཡོད་པའི་རྐ་ལས་ ཐག་རིང་སར་འགྱོ་བ་ཅིན་ དེ་བ་ལྷག་པའི་ རྐ་ཡོད་ཟེར་ཨིན་པས།
གཞལམ་སྒང་ཁྲོམ་སྡེའི་འཐུས་མི་ བསོད་ནམས་དབང་ཆེན་གྱིས་ སླབ་མིའི་ནང་ ཁྲོམ་ཁར་ ཉིནམ་ཨ་རྟག་ར་ དུས་ཡུན་ཆུ་ཚོད་རེ་གི་རིང་ འཐུང་ཆུ་བཀྲམ་སྤེལ་ འབད་དོ་ཡོདཔ་ལས་ འཐུང་ཆུ་ལངམ་སྦེ་ ཡོད་ཟེར་ཨིནམ་ད་ ཨིན་རུང་ ཆུ་དུང་པའིཔ་ལ་ལུ་ཅིག་ ས་ཁ་དམའ་ས་ལས་ མཐོ་ས་ཚུ་ནང་ འགྱོ་དགོཔ་ཡོདཔ་ལས་ ཆུ་འཛེགས་མ་ཚུགས་པའི་ དཀའ་ངལ་བྱུངམ་མས་ཟེར་སླབ་ཅི།
ཨིན་རུང་ རྫོང་ཁག་ཚོགས་སྡེའི་སྐབས་ལུ་ འཆར་ལོ་གསརཔ་དེ་ནང་ འཐུང་ཆུའི་དཀའ་ངལ་བསལ་ནི་དེ་ལུ་ གཙོ་རིམ་བྱིན་ཏེ་ ཡོད་ཟེར་ཨིན་པས།
ཁྲོམ་སྡེའི་བཟོ་རིག་འགོ་དཔོན་ ཚེ་རིང་དོན་གྲུབ་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ འཐུང་ཆུའི་རྐ་གསརཔ་དེ་ ཁྲོམ་ཁར་ལས་ ཀི་ལོ་མི་ཊར་༦ དེ་ཅིག་གི་ས་གནས་ཁར་ཡོདཔ་ད་ ད་ལྟོ་ཚུན་ ཆུའི་མི་ཊར་༢༨༠ དེ་ཅིག་ བགོ་བཀྲམ་འབད་དེ་ ཡོད་ཟེར་ཨིན་པས།
ད་རེས་ནངས་པ་ རྐ་གསརཔ་དེ་གི་ཉེ་འདབས་ལུ་ ད་རེས་ཁམས་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ རྡོ་རྦོབ་རིལ་ཏེ་ ཆུ་དུང་བཅགས་དཀྲུམ་འབད་ཡོདཔ་ལས་ ད་ལྟོ་ རྐ་རྙིངམ་དེ་ལས་ བཀྲམ་སྤེལ་འབད་དོ་ཟེར་ཨིན་པས།
ཆུ་རྐ་གསརཔ་དེ་ སྤྱི་ལོ་༢༠༡༡ དང་༢༠༡༢ ཀྱི་ འཆར་ལོ་ནང་ བཟོ་སྐྲུན་འབད་ཡོདཔ་ད་ ཚེ་རིང་དོན་གྲུབ་ཀྱིས་ སྡེ་ཚན་ནང་ མི་སྟོབས་ལངམ་སྦེ་ཡང་མེདཔ་ལས་ འབད་ཐབས་ག་ཅི་ཡང་ མ་བྱུང་རུང་ འབད་ཚུགསཔ་ཅིག་ རྩ་འགེངས་དོ་ཟེར་སླབ་ཅི།
གཞལམ་སྒང་རྫོང་བདག་ ཀརྨ་འབྲུག་པ་གིས་ འཐུང་ཆུ་བཀྲམ་སྤེལ་གྱི་ ཆུ་དུང་པའིཔ་ཚུ་ རྙིངམ་ཐལ་ནི་དེ་གིས་ དུམ་གྲ་རེ་ དཀྲོགས་པའི་སྐབས་ བཅག་འགྱོ་དོ་ཡོདཔ་མ་ཚད་ གཅིག་ལས་འབད་བ་ཅིན་ ཧེ་མ་ལས་ ད་རེས་ཚུན་ལུ་ ཆུ་ཚུ་ རྐ་ལས་ར་ སྐམ་སོ་ནུག་ཟེར་ཨིན་པས།
ཨིན་རུང་ འཆར་ལོ་གསརཔ་དེ་ནང་ འཐུང་ཆུའི་ཆུ་དུང་ཚུ་ ཉམས་བཅོས་འབད་ནིའི་ འཆར་དངུལ་བཙུགས་ཏེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment