གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ལས་ སྲིད་ཚོགས་ཀྱི་འདེམས་ངོ་ཚུ་གིས་ བསྐུལ་བསྒྲགས་འགོ་བཙུགས་ཆོག་ནི།

༡༢/༦/༢༠༡༣   ༉ ཁ་ཙ་ སྤྱིར་བཏང་བཙག་འཐུ་ནང་ བཅའ་མར་གཏོགས་མི་ སྲིད་ཚོགས་༢ ཀྱི་འདེམས་ངོ་ཚུ་གིས་ རང་སོའི་ འདེམས་ཁོངས་ཚུ་ནང་ འདེམས་ངོའི་ཐོ་བཀོད་འབད་མི་ཚུ་ ད་རིས་ འབྲེལ་ཡོད་ངོས་ལེན་འགོ་དཔོན་ཚུ་གིས་ འདེམས་ངོའི་ཡིག་ཆ་ཚུ་ དབྱེ་ཞིབ་འབད་ཚར་ནི་དང་འབྲེལ་ བསྐུལ་བསྒྲགས་ཡང་ འགོ་བཙུགས་ཆོགཔ་ཨིན་པས།


དེ་ཡང་ བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༣ གྱི་ སྤྱིར་བཏང་བཙག་འཐུའི་ འཆར་བཀོད་ལས་རིམ་དང་འཁྲིལཝ་ད་ ད་རིས་ སྤྱི་ཟླ་༦ པའི་ཚེས་༡༢ ལས་ བསྐུལ་བསྒྲགས་ལས་རིམ་ འགོ་བཙུགས་ཞིནམ་ལས་ སྤྱི་ཟླ་༧ པའི་ཚེས་༡༡ གི་ དྲོ་པའི་ཆུ་ཚོད་༩ ལུ་མཇུག་བསྡུ་དགོཔ་ཨིན་པས།
ད་རེས་ཀྱི་ སྤྱི་ཚོགས་ཀྱི་བཙག་འཐུའི་སྐབས་ སྤྱིར་བཏང་བསྐུལ་བསྒྲགས་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཨིན་རུང་ འདེམས་ངོ་ཚུ་གིས་ སྤྱིར་བཏང་བསྐུལ་བསྒྲགས་ལས་རིམ་ནང་ ངེས་པར་དུ་ བཅའ་མར་གཏོགས་དགོཔ་མེད་ཟེར་ཨིནམ་ད་ བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང བཅའ་མར་མི་གཏོགས་ནི་ཨིན་པ་ཅིན་ འདེམས་ངོ་ཚུ་གིས་ སྔ་གོང་ལས་ར་ རང་སོའི་ངོས་ལེན་འགོ་དཔོན་ཚུ་ལུ་ ཡིག་ཐོག་ཞུ་ཡིག་ཚུ་ བཙུགས་དགོ་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ གལ་སྲིད་ཞུ་ཡིག་མ་བཙུགས་པར་ འདེམས་ངོ་༢ ཆ་ར་གིས་ བཅའ་མར་མ་གཏོགས་པ་ཅིན་ སྤྱིར་བཏང་བསྐུལ་བསྒྲགས་ལས་རིམ་གྱི་དོན་ལུ་ གྲ་སྒྲིག་འབད་དགོཔ་མེདཔ་བཞིན་དུ་ གྲ་སྒྲིག་འབད་ཚརཝ་ད་ བཅའ་མར་གཏོགས་མི འདེམས་ངོ་ག་ཡང་མེད་པ་ཅིན་ ལཱ་ཐེབས་འོང་ནི་མས་ཟེར་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ བསྐུལ་བསྒྲགས་འབད་ཆོག་མི་ཡང་ སྲིད་ཚོགས་སོ་སོའི་གཙོ་འཛིན་དང་ འདེམས་ཁོངས་སོ་སོའི་ ཚོགས་པའི་འདེམས་ངོ་ཚུ་ དེ་ལས་ སྲིད་ཚོགས་སོ་སོའི་འདེམས་ཁོངས་ཀྱི་ མཉམ་འབྲེལ་བ་ཚུ་ཨིན་པས།
དེ་འབདཝ་ད་ བཙག་འཐུ་ལྷན་ཚོགས་ཀྱི་ གསལ་བསྒྲགས་དང་འཁྲིལཝ་ད་ རྫོག་ཁག་དང་ འདེམས་ཁོངས་ དེ་ལས་ རྒེད་འོག་དང་སྤྱི་འོག་ཚུ་ནང་ སྲིད་ཚོགས་རེ་གིས་ མཉམ་འབྲེལ་བ་རེ་མ་གཏོགས་ བསྐོ་བཞག་འབད་མི་ཆོག་ཟེར་ཨིན་པས།
ཚོགས་རྒྱན་གྱི་ཉིནམ་ལུ་ ཚོགས་པའི་མཉམ་འབྲེལ་བ་དང་ ཚོགས་པའི་བཙག་འཐུ་ངོ་ཚབ་ ཚོགས་པའི་ལྟ་རྟོག་ངོ་ཚབ་ཚུ་ཡང་ རང་སོའི་སྲིད་ཚོགས་ཀྱི་ འཐུས་མིའི་གྲངས་སུ་ འགོ་ཐོག་བཙག་འཐུའི་སྐབས་ བཙག་འཐུ་ལྷན་ཚོགས་ལུ་ཕུལ་མི་ ཐོ་བཀོད་ནང་ཡོད་མི་ཚུ་མ་གཏོགས་ མ་ཆོགཔ་ཨིན་པས།
གསལ་བསྒྲགས་དང་འཁྲིལཝ་ད་ སྲིད་ཚོགས་དང་ ཚོགས་པའི་འདེམས་ངོ་གི་ ངོ་ཚབ་སྦེ་ བསྐུལ་བསྒྲགས་འབད་ཆོག་མི་དེ་ སྲིད་ཚོགས་ཚུ་གི་ འདེམས་ཁོངས་སོ་སོའི་ མཉམ་འབྲེལ་བ་ཚུ་གིས་མ་གཏོགས་ གཞན་གིས་ འབད་མི་ཆོག་ཟེར་ཨིན་པས།
དེ་བཟུམ་སྦེ་ ཚོགས་པ་ནང་ཐོ་བཀོད་འབད་མི་ འཐུས་མི་ག་ཨིན་རུང་ སྲིད་ཚོགས་ཀྱིས་ ངོས་འཛིན་ཐོག་ ངོས་ལེན་འགོ་དཔོན་གྱིས་ ངོ་འབྱོར་འབད་དེ་ བསྐུལ་བསྒྲགས་འབད་ཆོག་པའི་ གནང་བ་ཐོབ་མི་ ཚོགས་པ་དང་འདེམས་ངོའི་ ངོ་ཚབ་སྦེ་ བསྐུལ་བསྒྲགས་འབད་མི་ཚུ་གིས་ འབྲེལ་ཡོད་འདེམས་ཁོངས་ཚུ་ནང་ བསྐུལ་བསྒྲགས་འབདཝ་ད་ ངོས་ལེན་འགོ་དཔོན་གྱིས་སྤྲོད་མི་ ངོ་སྤྲོད་ལག་ཁྱེར་དེ་ འབག་དགོཔ་ཨིན་ཟེར་ཨིན་པས།
དེ་ལས་ བཙག་འཐུའི་བྱི་རིམ་ འགོ་བཙུགས་ཞིནམ་ལས་ཚུར་ སྲིད་ཚོགས་ཚུ་གིས་ ཚོགས་པའི་འཐུས་མི་གསརཔ་ ཐོ་བཀོད་འབད་ནི་ཚུ་ཡང་ སྲིད་ཚོགས་གང་རུང་གི་ འགོ་ཐོག་བཙག་འཐུའི་སྐབས་ཀྱི་ འདེམས་ངོ་ཅིག་ སྤྱིར་བཏང་བཙག་འཐུའི་སྐབས་ འབྲེལ་གཏོགས་འབད་མ་ཚུགས་པའི་གནད་དོན་ལུ་བརྟེན་ འདེམས་ངོ་གསར་བཙུགས་འབད་དགོཔ་འཐོན་ན་མ་གཏོགས་ སྲིད་དོན་ཚོགས་པའི་ ཁྲིམས་ལུགས་ཀྱི་དོན་ཚན་༤.༥ པ་ལྟར་དུ་ འཐུས་མི་གསརཔ་ ཐོ་བཀོད་འབད་མི་ཆོག་ཟེར་ཨིན་པས།
དེ་དང་འབྲེལ་ སྲིད་ཚོགས་སོ་སོའི་ལས་བྱེདཔ་དང་ རྒྱབ་སྐྱོར་པ་ཚུ་ལུ་ ཚོགས་པ་ཟེར་ ནམ་ཡང་སླབ་མི་ཆོག་ཟེར་ཨིནམ་ད་ ལས་བྱེདཔ་དང་ རྒྱབ་སྐྱོར་པ་ཟེར་ སླབ་ནི་མ་གཏོགས་ ལོགས་སུ་སྦེ་ མིང་གཞན་འབོ་མི་ཆོག་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment