གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡུས་སྒོའི་ནང་ མར་ཉམས་འགྱོ་དོ་ཡོད་མི་ སྤང་རྩི་མར་ཁུ།

༤/༦/༢༠༡༣   ༉ དང་ཕུ་ཕམ་ཚུ་གི་སྐབས་ལུ་ རང་བཞིན་གནས་སྟངས་ལས་བརྟེན་པའི་ མར་ཁུ་ཚུ་ ལོངས་སྤྱོད་ནི་ཡོད་རུང་ ད་རེས་ནངས་པ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ཡར་རྒྱས་ འགྱོ་བའི་བསྒང་འབད་ནི་དེ་གིས་ སྔར་སྲོལ་ལུ་ དང་ལེན་འབད་མི་མེདཔ་ལས་ མར་ཉམས་འགྱོ་དོ་ཡོད་པའི་ ཚ་གྱང་ཡོདཔ་ཨིན་པས།
རང་ལུགས་ཐོག་ལས་ སྤང་རྩི་མར་ཁུ་ བཙིར་བའི་བསྒང་།


དེ་ཡང་ སྤྱི་ཟླ་༥ པའི་ཚེས་༡༡ ལས་༡༣ ཚུན་ ཉིན་གྲངས་༣ གྱི་རིང་ལུ་ བླམ་དཔལ་རི་ རྒྱལ་ཡོངས་ནགས་ཚལ་གླིང་ཁའི་ནང་སྦེ་ ནགས་ཚལ་དང་ ཞབས་ཞོག་གླིང་ཁའི་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་མི་ ཨེ་ཏོག་མེ་ཏོག་དུས་སྟོན་གྱི་སྐབས་ལུ་ ཐིམ་ཕུ་རྫོང་ཁག་ལས་ ལྕང་དང་ ཀ་ཝང་ དེ་ལས་ དར་ལ་རྒེད་འོག་༣ དང་ སྤུ་ན་ཁ་རྫོང་ཁག་ སྟོདཔ་རྒེད་འོག་གི་ གཡུས་སྒོའི་མི་སེར་༡༠༠ ལྷགཔ་ཅིག་གིས་ གཡུས་སྒོའི་ནང་ རང་ལུགས་ཀྱི་ བཟའ་འཐུང་གི་རིགས་དང་ སྔར་སྲོལ་ལམ་ལུགས་ག་ཅི་ཡོདཔ་ཨིན་ན་ གསལ་སྟོན་འབད་ཐབས་ལུ་ གོ་སྐབས་བྱིན་ཡོདཔ་ཨིན་པས།
སྤུ་ན་ཁ་རྫོང་ཁག་ སྟོདཔ་རྒེད་འོག་ལས་ སྐྱེས་ལོ་༣༠ ལང་མི་ ཚེ་རིང་དབྱངས་སྒྲོན་གྱིས་ ཉིནམ་བརྩི་སྲུང་གི་སྐབས་ལུ་ དང་ཕུ་ཕམ་ཚུ་གིས་ སྤང་རྩི་མར་ཁུ་ལུ་བརྟེན་ འཚོ་སྐྱོང་འཐབ་ཡོད་རུང་ ད་རེས་ནངས་པ་ ཁྲོམ་ཁ་ལུ་ སྤང་རྩི་མར་ཁུ་ ཚོང་མགྲོན་འཐབ་ནི་ཕར་བཞག་ ཐ་ན་ གཡུས་སྒོ་ནང་ཡང་ ལག་ལེན་འཐབ་ནི་ མེདཔ་ཨིན་པས།
ཚེ་རིང་དབྱངས་སྒྲོན་གྱིས་ སླབ་མི་དང་འཁྲིལཝ་ད་ ཉིནམ་བརྩི་སྲུང་སྐབས་ལུ་ འགོ་འདྲེན་པའི་ཁ་ཐུག་ལས་ གསལ་སྟོན་འབད་དགོཔ་སྦེ་ སླབ་མི་ལུ་བརྟེན་ ཚུལ་ཙམ་ལུ་ སྤྱིར་བཏང་འབྲུག་མི་དང་ ཕྱིའི་ལྟ་བཤལཔ་ཚུ་ལུ་ གོ་བརྡ་སྤེལ་ཐབས་ཀྱི་དོན་ལུ་ བཅའ་མར་གཏོགས་པ་ འོང་ཡི་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ མོ་ར་ ཆུང་ཀུའི་བསྒང་ ཕམ་དང་ ཁྱིམ་ཚང་ཚུ་གིས་ སྤང་རྩི་མར་ཁུ་བཙིར་ནིའི་དོན་ལུ་ རི་ཁ་དང་ ཚལ་མ་ནང་སོང་སྟེ་ སྤང་ཤིང་གི་རྡོག་མ་ཚུ་ བསྡུ་བསྒྱོམ་འབད་དེ་ ཁྱིམ་ནང་ འབག་འོང་སྟེ་ ཉི་མའི་ནང་ ལེགས་ཤོམ་སྦེ་སྐམ་བཞག་ཞིནམ་ལས་ འགོ་རིམ་འགྲིགས་ཏེ་ ལཱ་འབད་ནི་ འགོ་བཙུགསཔ་ཨིན་ཟེར་ཨིན་པས།
ཧེ་མ་ར་ སྤང་རྩི་ཤིང་གི་རྡོག་མ་འཚོ་མི་དེ་ ཉི་མའི་ནང་བསྐམ་ གཉིས་པ་ ཆུ་འཁྱུ་ གསུམ་པ་ ད་རུང་ ཚར་ཅིག་སྐམ་ དེ་ལས་ ལྷིའུ་ནང་བླུགས་ ཏེ་བརྡུངས་པའི་ཤུལ་ལུ་ ཀ་ལ་རྫམ་ནང་བླུགས་མེ་འཕུར་ བཙོ་ཞིནམ་ལས་ མར་ཚ་ཀུམ་ནང་འདེགས་ཏེ་ རྡོ་གཞོང་དང་ ཨེན་ཏ་གི་བར་ན་བཙུགས་ཏེ་ མར་ཁུ་བཙིར་དགོ་ཟེར་ཨིན་པས།
འདི་བཟུམ་སྦེ་ ཨེན་ཏ་གུ་ རྡོ་ཚུ་བཀལ་ཏེ་ དུས་ཡུན་ཆུ་ཚོད་༡ དེ་ཅིག་བཞག་པའི་ཤུལ་ལུ་ མར་ཁུ་དེ་ བཙིར་ཚར་འོང་ཟེར་ཨིནམ་ད་ མར་ཁུ་དེ་ ཧེ་མ་མ་ཚད་ ད་རེས་ནངས་པའི་དུས་ཚོད་ལུ་ཡང་ ལག་ལེན་འཐབ་དོ་ཡོད་རུང་ ལཱ་འབད་མི་མེད་ནི་དེ་གིས་ ཕྱི་ལས་ཐོན་སྐྱེན་འབད་མི་ མར་ཁུ་ཚུ་ གཙོ་རིམ་བཟུང་སྡོདཔ་མས་ཟེར་ ཚེ་རིང་དབྱངས་སྒྲོན་གྱིས་ སླབ་ཨིན་པས།
ད་རེས་ནངས་པ་ གཡུས་སྒོ་དེ་ནང་ སྤང་རྩི་མར་ཁུའི་དོན་ལུ་ ལཱ་འབད་ནི་དེ་ ལཱ་ཁགཡོདཔ་ལས་ འདི་ལུ་སེམས་ཤུགས་བསྐྱེད་དེ་ ལཱ་འབད་མི་མེདཔ་མ་ཚད་ འདི་བཟུམ་གྱི་ལཱ་བྱ་འཐབ་ཤེས་མི་ཡང་ གནམ་མེད་ས་མེད་ར་མེདཔ་ལས་ བཟའ་འཐུང་གི་དོན་ལུ་ ཕྱི་རྒྱལ་ལས་ཐོན་མིའི་མར་ཁུ་དང་ ནོར་གྱི་མར་ཚུ་ ལག་ལེན་འཐབ་མས་ཟེར་ཨིན་པས།
གཞན་དལ་གཞི་ སྤང་རྩི་མར་ཁུ་དེ་ ཚོང་འབྲེལ་འཐབ་པ་ཅིན་ ལི་ཊར་རེ་ལུ་ ཉུང་ཤོས་དངུལ་ཀྲམ་༣༠༠ ཐོབ་དོ་ཡོདཔ་ལས་ འོང་འབབ་བཟོ་ཚུགས་པའི་འོས་འབབ་ཡོད་རུང་ མར་ཁུ་ཉོ་མི་ཚུ་གིས་ བཟའ་ནིའི་དོན་ལུ་མེན་པར་ ལཱ་གཞན་གྱི་དོན་ལུ་ ཉོ་འབགཔ་མས་ཟེར་ ཨིན་པས།
ཐིམ་ཕུ་རྫོང་ཁག་ལས་ སློབ་ཕྲུག་ཅིག་ཨིན་མི་ སློབ་རིམ་༨ པའི་སློབ་ཕྲུག་བུམོ་ དབྱངས་སྒྲོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་ར་ སློབ་དཔོན་དང་ སློབ་གྲྭ་གིས་ གོ་སྐབས་མ་གནངམ་འདྲཝ་ཅིག་འབད་བ་ཅིན་ ད་རེས་ སྤང་རྩི་མར་ཁུ་འཐོན་པའི་རྒྱུ་དང་ ལཱ་ ག་དེ་སྦེ་ འབད་དོ་ཡོདཔ་ཨིན་ན་ དེ་ལས་ ལཱ་འབདཝ་ད་ དཀའ་ངལ་ག་ཅི་བཟུམ་ཡོད་ག་ཚུ་གི་སྐོར་ལས་ ཧ་གོ་མ་ཚུགསཔ་འོང་ཟེར་ སླབ་ཨིན་པས།
ནགས་ཚལ་དང་ ཞབས་ཏོག་གླིང་ཁའི་ ནགས་ཚལ་འགོ་དཔོན་ སྐལ་བཟང་ཚེ་རིང་གིས་འབད་བ་ཅིན་ རྒེད་འོག་༤ གི་མི་སེར་ཚུ་ལུ་ གོ་སྐབས་སྤྲོད་མི་དེ་ སྔར་སྲོལ་ལམ་ལུགས་བཟང་པོ་ཚུ་ མི་ཉམས་གོང་འཕེལ་གཏང་ནི་དང་ ཉམས་པ་སོར་ཆུད་འབད་ནིའི་དོན་ལུ་ བརྩི་མཐོང་དང་ དག་སྣང་བསྐྱེད་ནིའི་དོན་ལུ་ ཨིན་ཟེར་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment