གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འགྱུར་བ་ལུ་ལྟ་སྟེ་ མི་སེར་དམངས་གཙོ་ཚོགས་པ་ལུ་རྒྱབ་སྐྱོར།

༤/༦/༢༠༡༣   ༉ དབང་འདུས་ཕོ་བྲང་ལུ་ འདས་པའི་ལོ་༥ འི་ནང་འཁོད་ལུ་ འབྲུག་ཕུན་སུམ་ཚོགས་པ་གཞུང་གིས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ བཟོ་སྐྲུན་འབད་ནི་ འགོ་བཙུགས་པའི་ཁར་ རྒེད་འོག་༡༥ མང་ཤོས་ཅིག་ནང་ སོ་ནམ་ཞིང་ལམ་ཚུ་ བསལ་ཡོདཔ་མ་ཚད་ འཐུང་ཆུ་དང་ ཞིང་ཆུ་ཚུ་ཡང་ བཏོན་ཡོདཔ་ཨིན་རུང་ འགོ་ཐོག་བཙག་འཐུའི་ནང་ མི་སེར་དམངས་གཙོ་ཚོགས་པ་གིས་ གསང་བའི་ཚོགས་རྒྱན་མཐོ་ཤོས་ཐོབ་སྟེ་ སྲིད་དོན་ཚོགས་པ་༤ ལས་ ཨང་དང་པ་ཐོན་མི་དེ་ འདས་པའི་གཞུང་སྐྱོང་ལུ་ ཡིད་ཆེས་སྦོམ་མེད་པའི་ བརྡ་མཚོན་ཅིག་ཨིན་པས།
ཚོགས་རྒྱན་བཙུགས་ནིའི་དོན་ལུ་ གྱལ་བཙར་སྡོད་མི་ སྲས་ཕུག་གི་མི་ཚུ།


མི་མང་ཤོས་ཅིག་གིས་ སླབ་མིའི་ནང་ ཁོང་གིས་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་དགོ་མི་དེ་ཡང་ རྒྱལ་ཁབ་ནང་ འགྱུར་བ་གསརཔ་དགོཔ་ལས་བརྟེན་ཨིན་ཟེར་ཨིནམ་ད་ དེ་ཡང་ གལ་སྲིད་སྤྱི་ཚོགས་༢ པའི་ བཙག་འཐུ་ནང་ གཞུང་སྐྱོང་ནིའི་གོ་སྐབས་དེ་ མི་སེར་དམངས་གཙོ་ཚོགས་པ་གིས་ འཐོབ་པ་ཅིན་ མི་སེར་གྱི་དཀའ་ངལ་ཚུ་ ཧ་གོ་ནིའི་ འོས་འབབ་འདུག་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་དང་ཕྱདཔ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༡,༠༠༠ ལྷགཔ་ཅིག་ ཐེབས་ཐོབ་ཡོདཔ་ད་ སྤྱི་ལོ་༢༠༠༨ ལུ་འབད་བ་ཅིན་ མི་མང་ཤོས་ཅིག་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་དེ་གཞུང་སྐྱོང་ནིའི་གོ་སྐབས་ བྱིན་ཡོདཔ་ཨིན་པས།
དྭངས་ཆུ་རྒེད་འོག་ལས་ སྐྱེས་ལོ་༤༧ ལང་མི་ པདྨ་རྡོ་རྗེ་གིས་ སླབ་མིའི་ནང་ གཞུང་སྐྱོང་ནིའི་གོ་སྐབས་དེ་ ཚོགས་པ་ཅིག་ལུ་ར་ བྱིན་ད་པ་ཅིན་ ལེགས་ཤོམ་མི་འོང་ནི་ཨིན་པའི་ཁར་ མི་སེར་དམངས་གཙོ་ཚོགས་པ་གི་ལྟ་བ་ དབང་ཚད་ཕྱིར་སྤེལ་ལུ་ལྟ་སྟེ་ ཚོགས་རྒྱན་བཙུགས་ཡི་ཟེར་ཨིན་པས།
དེ་འབདཝ་ད་ ཉི་ཤོ་དང་ སྲས་ཕུག་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འཐུས་མི་བགྲེསཔ་ མགོནམ་རྡོ་རྗེ་གིས་ སླབ་མིའི་ནང་ འགོ་ཐོག་བཙག་འཐུའི་ནང་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་མཐོ་ཤོས་ཐོབ་མི་དེ་ ཁོང་གི་རྒྱབ་སྐྱོར་པ་ ལེ་ཤ་ཡོདཔ་ལས་བརྟེན་ཨིན་པའི་ཁར་ གཞུང་གིས་ འདས་པའི་ལོ་༥ འི་ནང་འཁོད་ལུ་ གོང་འཕེལ་གྱི་ལཱ་ལུ་ གཙོ་བཏོན་ནི་དེ་གིས་ གཡུས་མི་ཚུ་དང་གཅིག་ཁར་ ལེགས་ཤོམ་སྦེ་ མཐུན་ལམ་བཟོ་མ་ཚུགསཔ་ལས་བརྟེན་ཏེ་ ཨིནམ་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཡུས་སྒོ་ཚུ་ནང་གི་ གོ་ཤེས་ཉན་ཤེས་ཚུ་དང་གཅིག་ཁར་ མཐུན་ལམ་ལེགས་ཤོམ་སྦེ་ བཞག་མ་ཚུགས་པ་ཅིན་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་ཡང་ ལེགས་ཤོམ་སྦེ་ འཐོབ་ནིའི་གོ་སྐབས་མེད་མི་དེ་ གཡུས་མང་ཤོས་ཅིག་ནང་ མི་རེ་གཉིས་ཀྱིས་ ག་སླབ་མི་ལུ་ ཉན་སྡོདཔ་མས་ཟེར་ཨིན་པས།
མགོནམ་རྡོ་རྗེ་གིས་ སླབ་མིའི་ནང་ མ་གཞི་ ཁས་བླངས་གསལ་བསྒྲགས་འབད་མི་ལས་ འཕང་ཡུལ་རྒེད་འགོ་གི་ ཞིང་ཆུ་བཏོན་མ་ཚུགས་མི་ རེ་གཉིས་ལས་མ་གཏོགས་ གཞན་མང་ཤོས་ར་ གྲུབ་ཚུགས་ཅི་ཟེར་ཨིནམ་ད་ གཡུས་མི་ཚུ་གི་བར་ན་ མཐུན་འགྲིག་འབད་ཚུགས་པ་ཅིན་ ཞིང་ཆུ་ཡང་ བཏོན་ཚུགས་ཚུགསཔ་འོང་ཟེར་ཨིན་པས།
ཉི་ཤོ་དང་སྲས་ཕུག་འདེམས་ཁོངས་ཀྱི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཀུན་དགའ་གིས་ སླབ་མིའི་ནང་ མི་ཚུ་གིས་ ཁོང་ལུ་རྒྱབ་སྐྱོར་འབད་མི་དེ་ སྤྱི་ཚོགས་༡ པའི་ནང་ ལྡོག་ཕྱོགས་ཀྱི་ འཐུས་མི་༢ ལས་བརྒལ་མེད་རུང་ ལཱ་ལེགས་ཤོམ་འབད་ནི་དེ་གིས་ཨིན་པའི་ཁར་ གལ་སྲིད་ མི་སེར་དམངས་གཙོ་ཚོགས་པ་གིས་ གཞུང་སྐྱོང་ནིའི་གོ་སྐབས་འཐོབ་པ་ཅིན་ ཕྱག་ལེགས་ཤོམ་ཞུ་ཚུགས་པའི་ བློ་གཏད་དང་ཡིད་ཆེས་ཡོདཔ་ལས་བརྟེན་ ཨིནམ་འོང་ཟེར་ཡང་ཨིན་པས།
རྫོང་ཁག་ནང་ འདེམས་ཁོངས་༢ ཡོད་ས་ལས་ ཨ་ཐང་དང་ ཐད་འཚོ་འདེམས་ཁོངས་ནང་ཡང་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་མཐོ་ཤོས་ཐོབ་མི་དེ་ལུ་ མི་ཚུ་གིས་ སླབ་མིའི་ནང་ འཐུས་མི་བགྲེསཔ་ པ་སངས་འཕྲིན་ལས་ཀྱིས་ དགའ་གསེང་ལོགས་ཀྱི་ སོ་ནམ་ཞིང་ལམ་དེ་ རྩི་ནག་གཏང་ནི་ཟེར་མི་དང་ ཨ་ཐང་རྒེད་འོག་ བྱ་རོག་སྒང་གཡུས་ཚན་ནང་ སོ་ནམ་ཞིང་ལམ་བཏོན་ནི་ཟེར་ ཁས་བླངས་འབད་མི་ཚུ་ གྲུབ་མ་ཚུགསཔ་ལས་བརྟེན་ ཨིན་ཟེར་ཨིན་པས།
པ་སངས་འཕྲིན་ལས་ཀྱིས་འབད་བ་ཅིན་ ཁོ་གིས་ གོང་འཕེལ་གྱི་ལཱ་ མང་ཤོས་ཅིག་འབད་རུང་ རྒྱབ་སྐྱོར་མེད་མི་ལུ་ལྟ་བ་ཅིན་ མི་ཚུ་གིས་ བཀྲིན་དགའ་ཚོར་མེད་བཟུམ་ཅིག་ མཐོངམ་མས་ཟེར་ཨིནམ་ད་ ད་རེས་ནངས་པ་ མི་ཚུ་གིས་ ཏི་རུ་རྐྱངམ་གཅིག་ལུ་མ་གཏོགས་ གཞུང་དང་མི་སེར་ལུ་ ཕན་ཐོགས་མི་ལུ་ མི་བལྟ་བས་ཟེར་ཨིན་པས།
འདེམས་ཁོངས་ཀྱི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ རྟ་མགྲིན་དབང་ཕྱུག་གིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་མཐོ་ཤོས་ ཐོབ་མ་ཚུགས་མི་དེ་ ཁོང་གིས་ ཁས་བླངས་འབད་མི་ཚུ་ གྲུབ་མ་ཚུགས་པའི་ཁར་ མི་སེར་ཚུ་ལུ་ འགྱུར་བ་དགོཔ་ལས་བརྟེན་འོང་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ ཐད་ཀར་དུ་ སླབ་མ་ཤེས་མི་དེ་ཡང་ ཁོ་གིས་འབད་བ་ཅིན་ ཚོགས་པའི་གཙོ་འཛིན་ བློན་ཆེན་བགྲེསཔ་ འཇིགས་མེད་འོད་ཟེར་འཕྲིན་ལས་དེ་ གསུང་བཤད་གནང་ནི་ལུ་ མཁས་མཆོག་ཅིག་ཨིནམ་ལས་ མཐའ་མཇུག་ཁར་ མི་ཚུ་གི་སེམས་ བསྒྱུར་གཏང་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ འགོ་འདྲེན་པ་ཅིག་གིས་འབད་བ་ཅིན་ རྫོང་ཁག་དེ་ནང་ ལེགས་ཤོམ་འབད་མ་ཚུགས་མི་དེ་ འདེམས་ངོ་སྒྲིང་སྒྲིང་མེདཔ་ལས་བརྟེན་ ཨིནམ་བཟུམ་སྦེ་ མཐོང་བའི་ཁར་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ལེ་ཤ་ཡོདཔ་ལས་བརྟེན་ཡང་ ཨིན་ཟེར་ཨིན་པས།
ཚོང་རྐྱབ་མི་ཚུ་གིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་དཀའ་ངལ་ བསལ་མ་ཚུགས་པའི་ཁར་ སྣུམ་འཁོར་ནང་འདྲེན་ བཀག་ཆ་འབད་མི་དང་ སྡོད་ཁྱིམ་རྐྱབ་ནིའི་བསྐྱིན་འགྲུལ་ཚུ་ཡང་ མཚམས་འཇོག་འབད་མི་ལུ་བརྟེན་འོང་ཟེར་ཨིན་པས།
ཨིན་རུང་ འབྲི་ལྷག་ཤེས་མི་ཚུ་གིས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་དགོ་མི་དེ་ཡང་ གལ་སྲིད་ཚོགས་པ་གིས་ གཞུང་སྐྱོང་ནིའི་དབང་ཚད་འཐོབ་པ་ཅིན་ ཞི་གཡོགཔ་ཚུ་གི་དོན་ལུ་ ཁང་གླ་བརྒྱ་ཆ་༢༠ སྤྲོད་ནི་ཨིན་ཟེར་ སླབ་མི་ལུ་བརྟེན་ཏེ་ ཨིན་ཟེར་བའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment