གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གླངམོ་ཆེའི་མཆེཝ་ ཨར་རྐུན་འབད་མི་ཚུ་ལུ་ཉེས་འཛུགས།

༥/༦/༢༠༡༣   ༉ སྤྱི་ཟླ་༦ པའི་ཚེས་༣ ལུ་ ལྷུན་རྩེ་རྫོང་ཁག་གི་ ཁྲིམས་ཀྱི་འདུན་སར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཀྱིས་ སྤྱི་ལོ་༢༠༡༠ ལུ་ སྒང་ཟུར་རྒེད་འོག་ བྱང་ཆུབ་ཆོས་གླིང་གྲྭ་ཚང་གི་ སྒྲོལ་མ་ལྷ་ཁང་ནང་ལས་ གླངམོ་ཆེའི་མཆེཝ་ཆ་༡ ཨར་རྐུན་འབད་ཡོད་པའི་ཉེས་ལས་ནང་ འབྲེལ་གཏོགས་ཡོད་མི་༩ ལུ་ ཉེས་འཛུགས་འབད་ཡོདཔ་ཨིན་པས།


རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ངོ་ཚབ་འགོ་དཔོན་ཚུ་གིས་ ལྷུན་རྩེའི་ཁྲིམས་ཀྱི་འདུན་སར་ མི་ངོམ་༩ ལུ་ ཅ་རྙིང་ཨར་རྐུན་དང་ ཉོ་བཙོང་འཐབ་པའི་ཉེས་འཛུགས་དང་ སྡོང་ཟླ་དང་ རྒྱུད་བསྐུལ་འབད་བའི་ཉེས་འཛུགས་ དེ་ལས་ ཅ་རྙིང་ནག་ཚོང་འཐབ་པའི་ ཉེས་འཛུགས་ འབད་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༢ པའི་ནང་ སྲོལ་འཛིན་ལས་ཁུངས་འོག་གི་ ཅ་རྙིང་འཛིན་སྐྱོང་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ ཞིབ་དཔྱད་འབད་བའི་སྐབས་ བྱང་ཆུབ་ཆོས་གླིང་གྲྭ་ཚང་གི་ སྒྲོལ་མ་ལྷ་ཁང་ནང་ལས་ གླངམོ་ཆེ་གི་མཆེཝ་ རིང་ཚད་སེན་ཊི་མི་ཊར་༤༦ འབད་མི་༡ དང་ སེན་ཊི་མི་ཊར་༤༢.༨ འབད་མི་༡ བྱང་སྟོར་ཤོར་ཡོད་པའི་ ངོས་འཛིན་བྱུང་བའི་ཤུལ་ལས་ གྲྭ་ཚང་གི་བླམ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ བླམ་གིས་ ལྷུན་རྩེའི་ ཁྲིམས་སྲུང་འགག་པ་ལུ་ ཞིབ་དཔྱད་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།
ལྷུན་རྩེའི་ ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༢ པའི་ནང་ ཞིབ་དཔྱད་འབད་བའི་སྐབས་ བྱང་ཆུབ་ཆོས་གླིང་གྲྭ་ཚང་ནང་ སྐུ་དྲུང་དང་ དོ་དམ་སྦེ་ཕྱག་ཞུ་མི་ དགེ་སློང་ཅིག་ཨིན་པའི་ ངོས་འཛིན་བྱུང་བའི་ཤུལ་ལས་ དགེ་སློང་དེ་གིས་ མི་ངོམ་༨ དང་གཅིག་ཁར་ ཅ་རྙིང་ཚུ་ ཉོ་ཚོང་འཐབ་ཡོདཔ་སྦེ་ སླབ་མི་ལུ་བརྟེན་ འབྲེལ་གཏོགས་འབད་མི་ཚུ་ འཛིན་བཟུང་འབད་ནུག།
གླངམོ་ཆེའི་མཆེཝ་ཚུ་ སྤྱི་ལོ་༢༠༡༠ ལུ་ ཕྱིར་བཙོང་འཐབ་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༡༣ ལུ་མ་གཏོགས་ ལྷ་ཁང་གི་ཅ་རྙིང་ཚུ་ ཕྱིར་བཙོང་འཐབ་ཡོདཔ་ཨིནམ་ མ་ཤེསཔ་ཨིན་པས།
འབྲེལ་གཏོགས་འབད་མི་ངོ་མ་ མི་༤ ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་ བྱ་བའི་གནད་སྤྱོད་ཀྱི་ཁྲིམས་དོན་ལྟར་ བཙོན་ཁྲིམས་ལོ་༣ ལས་༥ འི་འོག་རྒྱུ་ཕོག་ནི་ཨིནམ་མ་ཚད་ ཆ་རོགས་འབད་མི་༥ ལུ་ཡང་ ཉེས་ཁྲིམས་ཚུ་ ཕོག་ནི་ཨིན་པས།
དོགས་ཟོན་ཅན་ཚུ་ཡང་ ལྷུན་རྩེ་དང་ ཧཱ་ སྤ་རོ་ ཐིམ་ཕུ་ དེ་ལས་ བསམ་གྲུབ་ལྗོངས་མཁར་ལས་ཨིན་པས།
ཁོང་གིས་ གླངམོ་ཆེའི་མཆེཝ་ཚུ་ གཅིག་ལས་གཅིག་བརྒྱུད་དེ་ མཐའན་མཇུག་ཁར་ རྒྱ་ནག་རྒྱལ་ཁབ་ཀྱི་མངའ་འོག་ བོད་ཕ་རི་ལུ་ ནག་ཚོང་འཐབ་ཡོདཔ་ཨིན་པས།
དེ་འབདཝ་ལས་བརྟེན་ འབྲེལ་གཏོགས་འབད་མི་ཚུ་ ཟླཝ་༢ ལྷགཔ་ཅིག་གི་རིང་ ལྷུན་རྩེ་རྫོང་ཁག་གི་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།

No comments:

Post a Comment