གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩི་རང་ལུ་ བཟའ་སྤྱོད་འབད་མ་བཏུབ་མི་ བྱ་ཤ་ཀེ་ཇི་༢༧༣ དེ་ཅིག་ ས་དོང་ནང་བཀོག་ཡོདཔ།

༡༢/༦/༢༠༡༣   ༉ རྩི་རང་གི་ འབྲུག་སོ་ནམ་དང་བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ ཉིནམ་༢ ཀྱི་རིང་ འགྲམ་ཕུག་ཁྲོམ་ཁར་ཡོད་པའི་ ཤ་ཁང་༣ གྱི་ནང་ལས་ བྱ་ཤ་ཀེ་ཇི་༢༧༣ འཕྱོག་ཞིནམ་ལས་ ས་དོང་ནང་ བཀོག་ཡོདཔ་ཨིན་པས།

བྱ་ཤ་ཀེ་ཇི་༡༦༠ ལྷགཔ་ཅིག་གི་ གྱོང་རྒུད་ཕོག་མི་ དུང་ལ་སྒང་རྒེད་འོག་གི་ མི་སེར་མཉམ་ལས་ཚོགས་པའི་ཤ་ཁང་།

དེ་ཡང་ ཤ་ཁང་ཅིག་ལས་ བྱ་ཤ་ཀེ་ཇི་༡༦༥ ལྷགཔ་ཅིག་དང་ གཅིག་ནང་ལས་ཀེ་ཇི་༡༠༠ ལྷགཔ་ཅིག་ དེ་ལས་ ཤ་ཁང་ཅིག་ནང་ལས་ ཀེ་ཇི་༦ ས་དོང་ནང་ བཀོག་ཡོདཔ་ཨིན་པས།
འབྲུག་སོ་ནམ་དང་བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཉིན་བསྟར་གྱི་ བརྟག་དཔྱད་ནང་འགྱོཝ་ད་ བྱ་ཤ་མེདཔ་ཐལ་མི་ཚུ་ བསྡུ་བསྒྱོམ་འབད་དེ་ བཀོག་བཏང་ཡི་ཟེར་ཨིནམ་ད་ དེ་ཡང་ བཟའ་སྤྱོད་འབད་བཏུབ་པའི་ གནས་ཚད་ནང་མེད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ལྟ་རྟོག་འབད་མི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ བྱ་ཤ་ཚུ་ ཁ་མདོག་ཡང་ཧོནམོ་སྦེ་ གྱུར་སོཔ་མ་ཚད་ རུལ་དྲི་མནམ་ནི་དེ་གིས་ ན་ཚ་འཐོབ་ནིའི་ ཉེན་ཁ་ཡོདཔ་ལས་བརྟེན་ བཀོག་དགོཔ་འཐོན་ཡི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཤ་ཁང་ཚུ་ ད་རིས་ཡང་ ལྟ་རྟོག་འབད་ནི་ཨིནམ་ལས་ མེདཔ་ཐལ་མི་ཤ་ཚུ་ཡོད་པ་ཅིན་ ད་རུང་ བཀོ་ནི་ཨིན་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མེདཔ་ཐལ་མི་བྱ་ཤ་ཚུ་ བཀོག་བཏང་མི་དེ་ དུས་ཅིའི་ལོ་ནང་ འགོ་དང་པ་ཨིན་ཟེར་ཨིནམ་ད་ འདས་པའི་ལོ་ནང་འབད་བ་ཅིན་ ཤ་ཁང་ཅིག་ནང་ལས་ ནོར་ཤ་མེདཔ་ཐལ་ཐལཝ་ཚུ་འཕྱོག་སྟེ་ བཀོག་དགོཔ་འཐོན་ཡི་ཟེར་ཨིན་པས།
བྱ་ཤའི་གྱོང་རྒུད་ཕོག་མི་ ཤ་ཁང་གི་ ཇོ་བདག་ཚུ་གིས་ སླབ་མིའི་ནང་ མ་གཞི་ ཤ་ཁང་ཚུ་ནང་ལས་ སྤུས་ཚད་དང་ལྡན་པའི་ཤ་ཚུ་བཙོངམ་ཨིན་རུང་ འདས་པའི་ཉིནམ་༢ ཀྱི་རིང་ རྫོང་ཁག་ནང་ གློག་མེ་མེད་མི་ལུ་བརྟེན་ ཁྱེགས་སྒྲོམ་ལཱ་འབད་མ་བཏུབ་ལས་ ཤ་ཚུ་མེདཔ་ཐལ་སོ་ནུག་ཟེར་ཨིན་པས།
ཤ་ཁང་གི་ ཇོ་བདག་ཚུ་གི་གྲས་ལས་ བྱ་ཤ་ཀེ་ཇི་༡༦༠ ལྷགཔ་ཅིག་ གྱོང་རྒུད་ཕོག་མི་ དུང་ལ་སྒང་རྒེད་འོག་གི་ མི་སེར་མཉམ་ལས་ཤ་ཁང་གི་ཚོང་པ་ ཨར་ཨེན་དཱ་ཀཱལ་གྱིས་ སླབ་མིའི་ནང་ ཤ་ཚུ་ དེ་སྦེ་མེདཔ་ཐལ་དགོ་མི་དེ་ཡང་ ས་སྒ་ཟླཝ་ནང་ ཤ་བཀག་འཛིན་འབད་བཞག་པའི་ཤུལ་ལུ་ ཤ་ལོག་འཐོནམ་ཅིག་ གློག་མེ་མེད་མི་ལུ་བརྟེན་ ཁྱེགས་སྒྲོམ་ཚུ་ནང་ མེདཔ་ཐལ་སོ་ནུག་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་ སླབ་མིའི་ནང་ བཀྲམ་སྤེལ་བ་ཚུ་གིས་ མཁོ་འདོད་ཀེ་ཇི་༣༥༠ དེ་ཅིག་ལས་མ་བཀོད་རུང་ ལོག་ལྟབ་སྦེ་ ཐེབས་ ཀེ་ཇི་༧༠༠ དེ་ཅིག་ སྟབས་གཅིག་ཁར་ འབག་འོང་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ད་རུང་ ཀེ་ཨེན་ཤ་ཁང་གིས་ཡང་ བྱ་ཤ་ཀེ་ཇི་༡༠༠ ལྷགཔ་ཅིག་ཤོར་ཡོདཔ་ད་ ཇོ་བདག་གིས་ཡང་ གནད་དོན་ངོ་མ་དེ་ གློག་མེ་མེད་མི་ལུ་བརྟེན་ཨིན་རུང་ གནད་དོན་སོ་སོ་དེ་ བྱ་ཤ་ཚུ་ ནང་འཁོད་ཀྱི་བྱ་གསོ་སྐྱོང་ཁང་ནང་ལས་ འཐོན་དོ་ཡོདཔ་ལས་ བཀྲམ་སྤེལ་བ་ཚུ་གིས་ ཚུལ་མཐུན་འཛིན་སྐྱོང་གི་ ཁྱད་རིག་མེད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཤ་ཚུ་ དངམ་ཅིག་ལུ་ དྲོད་ས་ལས་ འབག་འོངམ་བཞིན་དུ་ ལེགས་ཤོམ་སྦེ་ དོས་མ་རྐྱབ་པའི་ཁར་ དུས་ཚོད་ཁར་ ཤ་ཁང་ནང་ འབག་མ་འོང་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་ཨིན་པས།
ཤ་ཁང་གི་ ཇོ་བདག་ཚུ་གིས་ སླབ་མིའི་ནང་ ཤ་མེདཔ་ཐལ་མི་ལུ་བརྟེན་ རྒུད་ཕོག་མི་ཚུ་ ག་དེ་སྦེ་ ལོག་འཐོབ་འོང་ག་ ཚ་གྱང་ཡོད་ཟེར་ཨིན་པས།
ཤ་ཁང་གིས་ བཀྲམ་སྤེལ་བ་ཚུ་ལས་ བྱ་ཤ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༤༥ རེ་སྤྲོད་དེ་ ཉོ་དོ་ཡོད་རུང་ ཤ་ཁང་ནང་ལས་ ཀེ་ཇི་རེ་ལུ་དངུལ་ཀྲམ་༡༧༠ རེ་སྦེ་ བཙོང་དོ་ཡོདཔ་ཨིན་པས།
རྩི་རང་ལུ་ ཤ་ཁང་༥ ཡོད་མི་ཚུ་ཡང་ འགྲམ་ཕུག་ཁྲོམ་ཁར་༤ དང་ མནྜལ་སྒང་ལུ་༡ ཡོདཔ་ད་ ད་རེས་ནངས་པ་ ཤའི་མཁོ་འདོད་བཀོད་མི་ ཡར་འཕར་འགྱོཝ་མས་ཟེར་ ཤ་ཁང་གི་ཇོ་བདག་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment