གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོད་སྦིས་སའི་ མི་སེར་ཚུ་གིས་ འཐུས་མི་བགྲེསཔ་བཟུམ་ མ་དགོ་པའི་ཞུ་བ།

༡༩/༦/༢༠༡༣   ༉ སྤྱི་ཟླ་༦ པའི་ཚེས་༡༧ ལུ་ སྤུ་ན་ཁ་རྫོང་ཁག་ ལོད་སྦིས་ས་ལུ་ སྤྱིར་བཏང་གྲོས་འཛོམས་ནང་ བཅའ་མར་གཏོགས་མི་ མི་སེར་ལེ་ཤ་ཅིག་གིས་ དཀར་སྦྱིས་-རྟ་ལོག་འདེམས་ཁོངས་ལས་ མི་སེར་འཐུས་ཚབ་སྦེ་ འབྲེལ་གཏོགས་འབད་མི་ སྤྱི་ཚོགས་བགྲེསཔ་དེ་གིས་ ཁས་བླངས་འབད་མི་ཚུ་ གྲུབ་མ་ཚུགསཔ་ ངེས་བདེན་ཨིན་ན་ཟེར་ དྲི་བ་གཅིག་ཤུལ་གཉིས་ཤུལ་སྦེ་ བཀོད་ཡོདཔ་ཨིན་པས།
ལོད་སྦིས་སའི་ མི་སེར་ཅིག་གིས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ རྣམ་རྒྱལ་དཔལ་འབྱོར་ལུ་ ཁས་བླངས་ཀྱི་དྲི་བ་བཀོད་པའི་བསྒང་།


ལོད་སྦིས་སའི་ མི་སེར་ཚུ་ ན་འཐན་དབུགས་འགམ་མི་ལུ་ ལྟ་བ་ཅིན་ སྤྱིར་བཏང་བཙག་འཐུ་ནང་ལས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་བགྲེསཔ་དང་ ཡང་ཅིན་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ སོ་ནམ་འགོ་དཔོན་བགྲེསཔ་༢ ལས་ ག་བཙག་འཐུ་འགྲུབ་རུང་ སྣང་དག་མེདཔ་ཨིན་རུང་ ཁོང་ལུ་ ཧེ་མའི་ འཐུས་མི་བགྲེསཔ་བཟུམ་སྦེ་ མ་དགོཔ་ཨིན་པས།
ཁོང་གིས་ སེམས་གཅིག་མཐུན་ཐོག་ལས་ སླབ་མིའི་ནང་ སྲིད་ཚོགས་ག་གིས་ རྒྱལ་ཁ་ཐོབ་རུང་ ཁྱད་མེདཔ་ཨིན་རུང་ རྒྱལ་ཁ་ཐོབ་མི་ འདེམས་ངོ་གིས་ མི་སེར་གྱི་ རེ་འདོད་བསྐོང་མ་ཚུགས་པའི་ ཁས་བླངས་ཚུ་ འབད་མ་ད་ཟེར་ ང་བཅས་ལས་ ཞུ་བ་འབད་དོ་ཟེར་ཨིནམ་ད་ དེ་ཡང་ ཁོང་གི་ སྤྱི་ཚོགས་ཀྱི་ འཐུས་མི་བགྲེསཔ་གིས་ ཁས་བླངས་འབད་མི་ཚུ་ གྲུབ་མ་ཚུགས་མི་ལུ་ གཞི་བཞག་སྟེ་ སླབ་ཨིན་པས།
དེ་བཟུམ་མའི་ དྲི་བ་ནན་བསྐྱར་དུ་ བཀོད་མི་ལུ་བརྟེན་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ རྣམ་རྒྱལ་དཔལ་འབྱོར་གྱིས་ འཐུས་མི་བགྲེསཔ་དེ་ ཚེ་རིང་དཔལ་འབྱོར་ཨིནམ་ལས་ ཁོ་ར་ རྣམ་རྒྱལ་དཔལ་འབྱོར་ཨིན་ཟེར་ དོགས་སེལ་འབད་དགོཔ་ བྱུང་ཡོདཔ་ད་ ཨིན་རུང་ མི་སེར་ལ་ལུ་ཅིག་གིས་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ གཙོ་བོར་བཏོན་ཏེ་ ཕྱག་ལཱ་མཛད་མི་ བློན་ཆེན་བགྲེསཔ་ལུ་ བཀྲིན་དགའ་ཚོར་སྦོམ་ཡོད་ཟེར་ བཤད་ཡོདཔ་ཨིན་པས།
རྒྱལ་ཁ་ཐོབ་ཞིནམ་ལས་ ཁྱོད་ཀྱི་ ཁས་བླངས་ཚུ་ འགྲུབ་ཚུགས་པ་ཅིན་ མི་སེར་ལས་ བློ་གཏད་དང་ ཡིད་ཆེས་འཐོབ་ནི་ལུ་ ཕན་ཐབས་འབྱུང་ནི་ཨིན་རུང་ ཁ་དང་ལགཔ་རྟགས་མ་མཐུན་པའི་ ཁས་བླངས་འབད་བ་ཅིན་ དེ་ཚུ་ ག་དེ་སྦེ་ འགྲུབ་ཚུགས་འོང་ག་ དོགས་པ་སྦོམ་ཡོད་ཟེར་ ལོད་སྦིས་སའི་ གྲོང་གསེབ་མི་སེར་ གནག་མདོག་གིས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ རྡོ་ཕུག་ལུ་ དྲི་བ་བཀོད་ནུག།
རྡོ་ཕུག་གིས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་དེ་ གཞུང་སྐྱོང་ཚོགས་པ་མེན་པའི་ཁར་ དབང་ཚད་ཡང་མེད་མི་ལུ་བརྟེན་ ཧེ་མའི་འདེམས་ངོ་གིས་ ཁས་བླངས་ཚུ་ གྲུབ་མ་ཚུགས་ཟེར་ཨིནམ་ད་ ཧེ་མའི་ འདེམས་ངོ་དེ་ འབྲུག་ཕུན་སུམ་ཚོགས་པ་ལས་ཨིནམ་ལས་ དེ་བསྒང་ ཁོ་གིས་ ཁས་བླངས་ག་ཅི་ར་འབད་ཡོདཔ་ཨིན་ན་ ང་བཅས་ཀྱིས་ མ་ཤེས་ཟེར་ རྡོ་ཕུག་གིས་ བཤདཔ་ཨིན་པས།
ད་རུང་ གནག་མདོག་གིས་ གལ་སྲིད་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཁ་ཐོབ་པ་ཅིན་ བྱེམ་དང་རྡོ་གི་ དཀའ་ངལ་ཚུ་སེལ་ཏེ་ མི་སེར་ལུ་ ཕན་ཁྱད་ཡོདཔ་ བཟོ་ཚུགས་ག་ཟེར་ དྲི་བའི་ལན་ལུ་ རྡོ་ཕུག་གིས་ རྒྱ་གར་གྱི་ ལས་མི་ཚུ་ལུ་ རྡོ་བཏོན་ཏེ་ བཙོང་ཆོགཔ་ད་ འབྲུག་མི་ཚུ་ལུ་ ག་ཅི་སྦེ་ མི་ཆོག་ནི་ཟེར་ སླབ་ཡོདཔ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་ ཁས་བླངས་འབད་མི་ཚུ་ ཁ་རྐྱངམ་གཅིག་མིན་པར་ གོ་སྐབས་བྱིན་པ་ཅིན་ གྲུབ་ཚུགསཔ་འབད་ར་ འབད་ནི་ཟེར་ བཤད་ཡོདཔ་ཨིན་པས།
གྲོང་གསེབ་མི་སེར་གཞན་ཅིག་གིས་འབད་བ་ཅིན་ ཁྱོད་ཀྱིས་ ཁ་ལས་སླབ་མི་དང་ ལག་ལེན་གཉིས་མཐུན་དགོ་ཟེར་ཨིནམ་ད་ ང་བཅས་ལུ་ ཁ་སྐམ་བྱིན་ནི་དེ་ ན་ཐན་བསུན་ཡོདཔ་མ་ཚད་ འཐུས་མི་བགྲེསཔ་གིས་ སྤྱི་ལོ་༢༠༠༩ དང་༢༠༡༢ ཀྱི་བར་ན་ རང་བཞིན་རྐྱེན་ངན་དང་ ས་གནས་ཀྱི་ བྱུང་རྐྱེན་ཚུ་ནང་ གདོང་ར་ཐོན་མ་བཏུབ་ལས་ བཙག་འཐུ་གྲུབ་པའི་ འགོ་ཁྲིདཔ་ཚུ་ལུ་ བློ་གཏད་མ་ཚུགསཔ་ཡར་སོ་ཡི་ཟེར་ ཁོ་གིས་ སླབ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་རྣམ་རྒྱལ་དཔལ་འབྱོར་གྱིས་ སླབ་མིའི་ནང་ ཁོ་ ལོ་༥ གི་རིང་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་སྦེ་ ཕྱག་ཞུ་བའི་སྐབས་ ཕུན་སུམ་ཚོགས་པའི་ གཞུང་སྐྱོང་སྐབས་ ཅི་ལྕོགས་གང་ལྕོགས་ཐོག་ལས་ ཕྱག་ཞུ་སར་མཐོང་ཡོདཔ་བཞིན་དུ་ ཁོ་ཡང་ མི་སེར་ལུ་ ཐད་ཀར་དུ་ ཕྱག་ཕྱིད་ཞུ་ནིའི་དོན་ལུ་ ཚོགས་པ་དེ་ནང་ འཛུལ་ཞུགས་འབད་ཡི་ཟེར་ཨིན་པས།
ད་རིས་འབད་རུང་ འབྲུག་ཕུན་སུམ་ཚོགས་པ་གིས་ སོ་ནམ་ཐོད་སྐྱེད་ཡར་དྲག་གཏང་ནི་དང་ དབུལ་ཕོངས་རྩ་མེད་གཏང་ནི་གི་ ཁས་བླངས་འབདཝ་ཨིན་ཟེར་ རྣམ་རྒྱལ་དཔལ་འབྱོར་གྱིས་ བཤད་པའི་ཁར་ ང་བཅས་ལུ་ གོ་སྐབས་གནང་པ་ཅིན་ སྤུ་ན་ཁ་ལུ་ ཁྲོམ་གོང་འཕེལ་གཏང་ནི་དང་ ཁུ་རུ་ཐང་ཁྲོམ་སྡེ་ཁ་པ་ལས་ཀ་པ་ལུ་ རྒྱ་བསྐྱེད་འབད་འོང་ཟེར་ སླབ་ཡོདཔ་ཨིན་པས།
དེ་ལས་ ས་ཆའི་རྩོད་རྙོགས་སྐོར་ལས་ གྲོས་བསྡུར་འབདཝ་ད་ ལོད་སྦིས་སའི་མི་སེར་ ཀུན་ལེགས་ཀྱིས་ སླབ་མིའི་ནང་ འཆི་མེད་ལྷ་ཁང་གི་ ཆོས་གཞིས་ལུ་བརྟེན་ འཚོ་སྐྱོང་འཐབ་སྡོད་མི་ ལེ་ཤ་ཡོདཔ་ལས་ གཞུང་སྐྱོང་ནང་ བཙག་འཐུ་འགྲུབ་མི་ སྲིད་ཚོགས་ག་ཨིན་རུང་ དཀའ་ངལ་དེ་ སེལ་ཐོག་ལས་ ད་ལྟོ་བཟུམ་མའི་ གནས་སྟངས་ནང་ བཞག་ཐབས་མེདཔ་ཅིག་ བཟོ་གནང་དགོ་ཟེར་ཨིན་པས།
འདེམས་ངོ་དང་ སྲིད་དོན་ཚོགས་པ་ཚུ་གིས་ ནམ་ར་འབད་རུང་ དབང་ཚད་ཕྱིར་སྤེལ་དང་ འདྲ་མཉམ་དང་དྲང་བདེན་སྐོར་ལས་ར་ སླབ་དོ་ཡོདཔ་ཨིན་རུང་ ང་བཅས་ལུ་ གྲུབ་འབྲས་དངོས་སུ་སྦེ་ མཐོང་གསལ་མ་བྱུངམ་ད་ སྒྱིད་ཐག་སྐྱུརཝ་མས་ཟེར་ གྲོང་གསེབ་མི་སེར་ཚུ་གིས་ སླབ་ཨིན་པས།
སྲིད་ཚོགས་གཉིས་ཀྱི་ འདེམས་ངོ་ཚུ་གིས་ མི་སེར་ཚུ་ལུ་ འདེམས་ངོ་ལྕོགས་གྲུབ་ཅན་དང་ སྲིད་ཚོགས་ག་བཟུམ་ཅིག་གིས་ གཞུང་སྐྱོང་ཚུགས་ནི་ཨིན་ན་ བློ་གཏད་ཡོད་མི་ལུ་ ཚོགས་རྒྱན་བཙུགས་དགོཔ་སྦེ་ སླབ་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

1 comment:

  1. དྲག་དྲག། ལོད་སྦིས་ས་པ་ཆ་ཁྱབ་ན་འཐན་ར་དྲནམ་བཏགས་ཆི་ནུག། ད་ལྟོ་ཚུན་ཚོད་ཀྱི་བར་ན་ས་གནས་ག་ཏེ་གི་མི་སེར་གྱིས་ཡང་འདེམས་ངོ་ཚུ་ལུ་དེ་བཟུམ་གྱི་དྲི་བ་བཀོད་ས་མ་མཐོང་། 

    ReplyDelete