གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞི་གསར་ལུ་བརྟེན་ ཕམ་དང་བུ་གཞིའི་བར་ན་ རྩོད་རྙོགས་ཐོན་ཡོདཔ།

༡༧/༦/༢༠༡༣    ༉ ད་རེས་ནངས་པ་ སྐྱེས་ལོ་༧༥ ལང་མི་ ཨ་རྒས་རྡོ་རྗེ་དང་ སྐྱེས་ལོ་༧༠ ལང་མི་ ཨང་རྒས་མགུར་མོ་༢ ཨ་རྟག་ར་ ལག་པར་འཁརཝ་བཤེད་དེ་ དགེ་ལེགས་ཕུག་ དྲུང་ཁག་ཁྲིམས་ཀྱི་འདུན་སར་ མཐོང་གསལ་བྱུང་དགོ་པའི་ གནད་དོན་དེ་ཡང་ གཙོ་བོ་ར་ སྐྱིད་སྡུག་གི་ ས་ཆ་ཐོབ་མི་དེ་ ཁོང་རའི་ བུམོ་སྦོམ་ཤོས་དེ་གིས་ སྐལ་བགོ་བྱིན་མ་བཏུབ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།

ཨ་རྒས་རྡོ་རྗེ་དང་ ཨང་རྒས་མགུར་མོ།

གནད་དོན་དེ་གི་སྐོར་ལས་ ཁོང་༢ ཀྱིས་ དྲུང་ཁག་ཁྲིམས་འདུན་ལུ་ ཞུ་ཡིག་བཙུགས་ཡོདཔ་བཞིན་དུ་ ད་ལྟོ་ འཁྲུན་ཆོད་ལུ་ བསྒུག་སྟེ་ཡོདཔ་ཨིན་པས།
བཟའ་ཚང་རྒན་རྒས་༢ པོ་དེ་ བཀྲ་ཤིས་གཡང་རྩེ་ སྟོང་མི་གཡང་རྩེ་ལས་ཨིནམ་ད་ ཨ་རྒས་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་རའི་གཡུས་ཁར་ ས་ཆ་ལངམ་མེད་པའི་ཁར་ བཟའ་ཚང་ལེ་ཤ་ཡོད་མི་ལུ་བརྟེན་ སྤྱི་ལོ་༢༠༠༣ ལུ་ རྒེད་འོག་བདག་སྐྱོང་བརྒྱུད་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ སའི་སྐྱིད་སྡུག་ཞུ་བའི་ཤུལ་ལས་ དགེ་ལེགས་ཕུག་ ཆུ་གཟར་སྒང་རྒེད་འོག་ནང་ ས་ཆ་ཨེ་ཀར་༥ ཐོབ་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ས་ཆ་དེ་ཐོབ་ཅིག་ ཁོ་ར་ ས་ཆ་ཟ་སྤྱོད་འབད་བར་འོང་སྟེ་ རྩེ་རི་ཚུ་ བརྫམས་ཐོག་ལས་ ས་སྲུང་སྡོད་པའི་ཁར་ སྦ་སྒོར་ཅིག་རྐྱབ་སྟེ་ དེ་ནང་སྡོད་ཅི་ཟེར་ཨིནམ་ད་ ཁོ་གི་ བུམོ་དང་རྨགཔ་༢ སྤྱི་ལོ་༢༠༠༨ ལུ་ ས་ཆ་ནང་ལྷོདཔ་ཅིག་ འཐབམོ་འཚོལ་བའི་ཁར་ བང་བཙོང་སྟེ་ ཁྱིམ་ནང་ལས་ བདའ་བཏང་ཡི་ཟེར་ཨིན་པས།
ཤུལ་ལས་ རྒེད་འོག་བདག་སྐྱོང་ལུ་ སྙན་ཞུ་འབད་ཞིནམ་ལས་ རྒཔོ་གིས་ གནང་བ་གནང་སྟེ་ ས་ཞིང་གི་ཟུར་ཁར་ སྦ་སྒོར་ཅིག་རྐྱབ་སྟེ་ གནས་སྐབས་ཅིག་གི་རིང་སྡོད་ཡོད་རུང་ གཟུགས་ན་མི་ལུ་བརྟེན་ སྨན་བསྟེན་དང་འབྲེལ་ ད་རེས་ནངས་པ་ དགེ་ལེགས་ཕུག་ ལོ་ད་རའི་བསྟན་སྲུང་དམག་སྡེ་ནང་ བུ་ཅིག་དང་གཅིག་ཁར་ སྡོད་དོ་ཡོདཔ་ཨིན་པས།
ཨ་རྒས་རྡོ་རྗེ་གིས་འབད་བ་ཅིན་ མ་གཞི་ཁོ་ར་ འདས་པའི་ལོ་ངོ་༡༠ གྱི་ཧེ་མར་ སའི་སྐྱིད་སྡུག་གི་ཞུ་ཡིག་བཙུགས་པར་ རྒེད་འོག་བདག་སྐྱོང་ནང་འགྱོ་བའི་སྐབས་ མི་རྩིས་ནང་ གཙོ་ཅན་དེ་ བུམོ་མོ་ར་དང་གཅིག་ཁར་ ཨ་པའི་མིང་ཚུད་ཡོདཔ་ད་ གཙོ་ཅན་དེ་ ཨ་པ་སྦེ་བཀོད་དེ་ཡོད་ཟེར་ སླབ་ཡོད་རུང་ ཤུལ་ལས་ གཙོ་ཅན་དེ་ བུམོ་སྦེ་ཚུད་དེ་འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༠༨ ལུ་ བུམོ་དང་རྨགཔ་༢ གཞི་གསར་ནང་ལྷོད་ཞིནམ་ལས་ བདའ་བཏང་པའི་ཤུལ་ལུ་ རྩོད་གཞི་ཕྱེ་བའི་སྐབས་ ཁྲིམས་འདུན་ལས་ བུམོ་དང་རྨགཔ་༢ ཀྱིས་ ཕམ་ཚུ་ལུ་ ལེགས་ཤོམ་འབད་དགོཔ་སྦེ་ འཁྲུན་ཆོད་བཏོན་ཡོད་རུང་ ཆ་གནས་མ་འབད་བར་ ཟོགཔ་འབད་མི་ལུ་བརྟེན་ ད་རུང་ ཁྲིམས་འདུན་ལུ་ ཡི་གུ་བཙུགས་ཏེ་ཡོད་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ རྒེད་འོག་བདག་སྐྱོང་གི་ རྒཔོ་རིམ་ཐེངས་༢ ཆ་ར་ལུ་ ཤེས་རྟོགས་ཡོད་ཟེར་ཨིན་པས།
ཨ་རྒས་རྡོ་རྗེ་གིས་ སླབ་མིའི་ནང་ བཟའ་ཚང་ནང་ ཨ་ལུ་༧ ཡོད་མི་ལུ་བརྟེན་ ཁོ་རའི་སྐལ་བགོ་དེ་ ཨ་ལུ་གཞན་ཚུ་ལུ་ བགོ་བཤའ་རྐྱབ་བྱིན་ནིའི་དོན་ལུ་ མི་རྩིས་ནང་ ཁོ་རའི་ མིང་ཡོད་མི་ལུ་བརྟེན་ ས་ཆ་སྐལ་བགོའི་ཐོབ་དབང་ཡོདཔ་ལས་ དགོ་ཟེར་སླབ་ཡོད་རུང་ བྱིན་མ་བཏུབ་མི་ལུ་བརྟེན་ འདས་པའི་མཇུག་གི་ས་འཇལ་སྐབས་ རྩོད་རྙོགས་ཡོདཔ་ལས་ ས་ཡང་ འཇལ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ ད་རེས་ནངས་པ་ ཁོ་ར་གིས་རྐྱབ་མི་ སྦ་སྒོར་དེ་ བཤུབ་བཏང་ཞིནམ་ལས་ ས་གོ་དེ་ནང་ ཁྱིམ་གསརཔ་ཅིག་རྐྱབ་པའི་བསྒང་ཡོདཔ་ལས་ གནད་དོན་དེ་གི་ཐོག་ལུ་ ཁྲིམས་འདུན་གྱིས་ ཞིབ་དཔྱད་ཚུ་འབད་ཡི་ཟེར་ཨིན་པས།
ཀུན་གསལ་གྱིས་ དྲི་བཀོད་འབད་ནིའི་དོན་ལུ་ བུམོ་དེ་དང་གཅིག་ཁར་ འབྲེལ་བ་འཐབ་མ་ཚུགས།
ཨ་རྒས་རྡོ་རྗེ་དང་ ཨང་རྒས་མགུར་མོ་༢ ཀྱིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ ད་རེས་ནངས་པ་ ཁྲིམས་འདུན་གྱི་བཀའ་རྒྱ་ལུ་ སྒུག་སྟེ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment