གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༡༧/༦/༢༠༡༣   ཁྲིམས་གཏུགས་པ་ཚུ་ལུ་འཇིགས་སྣང་། 
༉ འཛམ་གླིང་རྒྱལ་ཁབ་ག་ཏེ་ལུ་ཡང་ དམངས་གཙོའི་གཞུང་དབུ་འཛུགས་འབད་དེ་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ སོང་ཡོདཔ་བཞིན་དུ་ འབྲུག་རྒྱལ་ཁབ་ནང་ཡང་ སྤྱི་ལོ་༢༠༠༨ ལས་ དམངས་གཙོའི་རིང་ལུགས་ འགོ་བཙུགསཔ་དང་འབྲེལ་ མི་སེར་ལུ་ ཕྱི་ཁྲིམས་ཀྱི་ ཐོབ་དབང་གི་དལ་དབང་ ནང་ལུས་ངག་གི་དལ་དབང་ གསང་བ་སེམས་ཀྱི་ དལ་དབང་ལ་སོགས་པའི་ དབང་ཆ་ཧྲིལ་བུམ་ གནང་སྟེ་ཡོདཔ་ལས་ ལག་ལེན་ཡང་ འཐབ་དང་འཐབ་བཞིན་དུ་ཡོད་ཟེར་ཞུ་ནི།


ཨིན་རུང་ ད་རེས་ནངས་པ་ རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་ལ་ལུ་ཅིག་ལུ་ དམངས་གཙོའི་རིང་ལུགས་ཀྱི་ ཐོབ་དབང་དང་ དལ་དབང་ཟེར་བའི་ ལོ་རྒྱུས་ཚུ་ རྩ་ལས་ར་ ཧ་མ་གོཝ་བཟུམ་སྦེ་ མི་སེར་ལུ་ ཁྲིམས་ཀྱི་ཞབས་ཏོག་འགྲུབ་ནི་མིན་པར་ བརྡབ་གསིག་དང་ སྡུག་སྦྱོང་བྱིན་སར་ མཐོང་གསལ་བྱུངམ་མས་ཟེར་ཞུ་ནི། དེ་མ་ཚད་ སྙན་གསན་ལས་རིམ་ནང་ བཅར་བའི་སྐབས་ལུ་ཡང་ དབང་ཤུགས་གུ་བཀལ་ཏེ་ འཇིགས་སྐྲག་སྟོན་ཐོག་ལས་ མི་སེར་ཉམ་ཆུང་ཚུ་ལུ་ འཇིགས་སྣང་བསྐྱེད་བཅུག་པའི་ཁར་ ཞིབ་པར་གསལ་བཤད་ཞུ་ནི་གི་ གོ་སྐབས་མ་བྱིནམ་ལས་བརྟེན་ དྲང་ཁྲིམས་ཐོབ་ནི་ལུ་ ཐོ་ཕོག་ཉེན་འདུག་ཟེར་ཞུ་ནི།

འདི་འབདཝ་ལས་ འབྲེལ་ཡོད་དྲང་ཁྲིམས་ལྷན་སྡེའི་ དབུ་ཁྲིད་ཁ་ཐུག་ལས་འབད་རུང་ མི་སེར་ལུ་ ཁྲིམས་ཀྱི་ཞབས་ཏོག་གྲུབ་མི་ དྲང་དཔོན་ཚུ་ བསྐོ་བཞག་འབདཝ་ད་ ལེགས་ཤོམ་སྦེ་ བརྟག་ཤིང་དཔྱད་དེ་ བསྐོ་བཞག་མ་འབད་བ་ཅིན་ མི་སེར་གྱིས་ ཁྲིམས་ལུ་ཡིད་ཆེས་དང་ ངལ་རངས་མེད་པར་ ཁྲིམས་སྡེ་ལུ་ ཁ་གཏང་ནི་དང་ རྒྱལ་ཁབ་ནང་ དྲང་ཁྲིམས་ལས་བརྟེན་ ཞི་བདེ་མ་ཐོབ་པའི་ ཉེན་ཁ་འཐོན་སྲིད་ནི་ཨིནམ་ལས་ ད་ལྟོ་ སྔ་གོང་ལས་ ལེགས་བཅོས་འབད་བ་ཅིན་ ལེགས་ཤོམ་མི་འོང་ག་ཟེར་མནོ་སྟེ་ ང་རའི་ཁ་ཐུག་ལས་ རྒྱལ་ཁབ་ཀྱི་ ཁྲིམས་ལུ་ཤ་ཚ་སྟེ་ ཞུཝ་མ་གཏོགས་ ངལ་མ་རངས་པར་ ཞུཝ་རྩ་ལས་མེན་ཟེར་ ཞུ་ནི་ཨིན།

                                                                     བཀྲིས་ཌི་དབང་ཕྱུག། ཐིམ་ཁྲོམ་གོང་མ།

 


སྡོད་ཁྱིམ་ལངམ་མེད་པའི་དཀའ་ངལ།

༉ ཆུ་ཁ་ཕུན་ཚོགས་གླིང་དྲུང་ཁག་འོག་ལུ་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ཁྱིམ་ཚུ་ གཞུང་གཡོགཔ་ཉམ་ཆུང་ཚུ་ལུ་ སྤྲོད་དེ་ཡོད་རུང་ གཞུང་གཡོགཔ་ལ་ལུ་ཅིག་ ཕུན་ཚོགས་གླིང་ལས་གནས་སོར་ ས་གནས་གཞན་ཁར་སོང་སྟེ་ ལོ་ངོ་༢ ལས་ལྷག་སོང་རུང་ གཞུང་གཡོག་པའི་ མིང་ཐོག་ཁར་ འཕྲོ་མཐུད་དེ་ར་ བདག་བཟུང་འབད་དེ་ བཞག་ནུག་ཟེར་ཞུ་ནི།
དེ་ཡང་ དཔེ་འབད་བ་ཅིན་ དྲུང་ཁག་ཁྲིམས་འདུན་གྱི་ ལས་བྱེདཔ་དེ་ ས་གནས་གཞན་ཁར་ གནས་སྤོ་སོང་ཡོད་རུང་ ཁྱིམ་སྔར་བཟུམ་སྦེ་ར་ བདག་བཟུང་བཞག་མི་ལུ་ ཞིབ་དཔྱད་མ་རྐྱབ་པར་ ཐང་བཏང་བཞག་མི་ལུ་ ལྟ་བ་ཅིན་ ཁྱིམ་གླ་ཁར་བཏང་མི་ ལས་འཛིན་ནང་ ལཱ་འབད་མི་དང་ གནས་སོར་སོང་མིའི་བར་ན་ མཐུན་ལམ་ཡོདཔ་འོང་ནི་མས་ཟེར་ཞུ་ནི།
གཞུང་གཡོགཔ་ཅིག་ ས་གནས་གཞན་ཁར་ གནས་སོར་འགྱོ་བའི་སྐབས་ འབྲེལ་ཡོད་ལས་འཛིན་གྱིས་ ཁྱིམ་རྩིས་མ་ལེན་མི་དེ་གིས་ གཞུང་གཡོགཔ་ཕུན་ཚོགས་གླིང་ལུ་ གནས་སོར་འོངམ་ད་ གཞུང་ཁྱིམ་ཐོབ་མ་ཚུགས་པར་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ བྱ་ཐབས་མེད་པར་ སྡོད་དགོཔ་བྱུངམ་ད་ བཟའ་ཚང་ཚུ་ལུ་ དཀའ་ངལ་སྦོམ་བྱུངམ་མས་ཟེར་ཞུ་ནི།
འདི་འབདཝ་ལས་ གཞུང་གཡོགཔ་དང་ བཟའ་ཚང་ཉམ་ཆུང་ཚུ་གི་ མཐའ་དོན་ལུ་གཟིགས་ཏེ་ ཕུན་ཚོགས་གླིང་ལུ་ གཞུང་ཁྱིམ་དང་ ལས་འཛིན་གྱི་ སྡོད་ཁྱིམ་ཚུ་ནང་ གཞུང་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ དེ་ལས་ འབྲེལ་ཡོད་ལས་ཁུངས་ཀྱིས་ ཞིབ་དཔྱད་མཛད་དེ་ ཚུལ་མིན་གྱི་སྒོ་ལས་ སྡོད་མི་དང་ གཞུང་ཁྱིམ་སྤྲོད་མི་ཚུ་ལུ་ ས་དང་སྡོད་ཁྱིམ་གླར་སྤྱོད་ཀྱི་ བཅའ་ཁྲིམས་དང་འཁྲིལ་བའི་ ཉེས་ཁྲིམས་དང་ ཉེས་བྱ་ཚུ་ བཀལ་ཐོག་ལས་ དཀའ་སྡུག་མྱོང་མི་ གཞུང་གཡོགཔ་ཉམ་ཆུང་ཚུ་ལུ་ སྡོད་ཁྱིམ་གྱི་ དཀའ་ངལ་སེལ་ཐབས་མཛད་གནང་ཟེར་ ཞུ་ནི་ཨིན།
ཚེ་རང་དཔལ་འབྱོར།
ཞི་གཡོགཔ། ཕུན་ཚོགས་གླིང་།

No comments:

Post a Comment